རྒྱལ་བ་མི་འཁྲུགས་པའི་གཟུངས།

乐活   2024-10-31 19:05   青海  

༄༅། །རྒྱལ་བ་མི་འཁྲུགས་པའི་གཟུངས།

 ༈ ཆོས་དབྱིངས་རང་བཞིན་ཨནྡྲ་ཎི་ལའི་མདོག། ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་བཞག་མཛད།།ལྷ་ཡི་གོས་དང་རིན་ཆེན་རྒྱན་མང་མཛེས།།བཅོམ་ལྡན་མི་འཁྲུགས་མགོན་ལ་ཕྱག་འཚལ་ལོ།།བཅོམ་ལྡན་འདས་རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །

 ན་མོ་རཏྣ་ཏྲ་ཡཱ་ཡ།  ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི།  རོ་ཙ་ནི་རོ་ཙ་ནི།  ཏྲོ་ཊ་ནི་ཏྲོ་ཊ་ནི།  ཏྲཱ་ས་ནི་ཏྲཱ་ས་ནི།  པྲ་ཏི་ཧ་ན་པྲ་ཏི་ཧ་ན།    སརྦ་ཀརྨ་བ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཱཉྩ་སྭཱ་ཧཱ།

མགོན་པོ་མི་འཁྲུགས་པའི་གཟུངས་བཏོན་པའི་ཕན་ཡོན། 

ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

ཨོྃ་དོན་བརྒྱད་ལ་འཇུག་ཏེ། མཆོག་དང་ནོར་སྟེར་དཔལ་དང་དབྱངས། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོའང་ཡིན། །ཀཾ་ཀ་ནི་ཀཾ་ཀ་ནི་ སྡིག་པ་ཐམས་ཅད་སྡིག་པ་ཐམས་ཅད་ཅེས་པའི་དོན་ནོ།།རོ་ཙ་ནི་རོ་ཙ་ནི་ སྲེགས་ཤིག་སྲེགས་ཤིག་ཅེས་པའི་དོན་ནོ། །

ཏྲོ་ཊ་ནི་ཏྲོ་ཊ་ནི་ཆོད་ཅིག་ཆོད་ཅིག།

ཏྲ་སཱ་ནི་ཏྲ་སཱ་ནི་ སྐྲག་པར་གྱིས་ཤིག་སྐྲག་པར་གྱིས་ཤིག།

པྲ་ཏི་ཧ་ན་པྲ་ཏི་ཧ་ན་སོ་སོར་ཆོམ་སོ་སོར་ཆོམ། 

སརྦ་ཀརྨ་པཱ་རཾ་པ་ར་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ།  སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ལས་དང་ཉོན་མོངས་པའི་འབྲས་བུ་སྡུག་བསྔལ་མྱོང་ངེས་པ་ཐམས་ཅད་གཟུངས་སྔགས་ཟབ་མོའི་མཐུ་དང་ནུས་པས་བྱང་ཞིང་དག་པའི་གཞི་ཚུགས་ཤིག་ཅེས་པའི་དོན་ནོ།།

༈ མི་འཁྲུགས་པའི་རྒྱུད་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ལས་ཀྱང་། དེའི་མིང་བྲིས་པ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་མཆོད་རྟེན་འབུམ་བྱས་པར་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ། ཡང་ན་ཆུ་ཀླུང་དུ་བཏང་ན། དེས་ནི་སེམས་ཅན་དམྱལ་བ་ལ་སོགས་པ་ལས་ཐར་བར་འགྱུར་རོ། །ཞེས་གསུངས་པས།

 སཱཙྪའི་ནང་དུ་མིང་བཅུག་པའམ། རུས་པ་སྐྲ་སོགས་འདྲེས་པ་ནི། བསྐོར་བ་མི་ཕོག་སར་བཞག་དགོས་ཀྱི། གལ་ཏེ་དེ་ལ་བསོད་ནམས་དང་ཡོན་ཏན་ཆེ་བས་བསྐོར་ན། ཚེ་འདས་ལ་གནོད་པ་འོད་སྲུང་རྫོགས་བྱེད་ཀྱི་གཏམ་རྒྱུད་ལས་གསུངས། མི་འཁྲུགས་པའི་ལས་ཚོགས་སཱཙྪ་འདི། ཆུར་གཤེགས་པར་བཤད་པ་ནི། འདིའི་ཁྱད་ཆོས་ཡིན་གྱི་སཱཙྪ་གཞན་ཆུར་དོར་མི་རུང་བར་རྗེ་ཆོས་ཀྱི་དབང་ཕྱུག་དང་། དཀོན་མཆོག་འབངས་དང་། སྟག་ཚང་ལོ་ཙཱ་རྣམས་ཀྱིས་གསུངས་སོ། །ཞེས་དང་སཱཙྪ་བཏབ་ན་ཕྲིན་ལས་རྣམ་བཞི་འགྲུབ། །མི་འཁྲུགས་པ་ཡི་གཟུངས་ནི་བཟླ་བྱེད་ཅིང་། །ཚྭ་ཚྭ་བཏབ་ན་ལས་སྒྲུབ་རྒྱུན་ཆད་འགྱུར། །ཡིག་བརྒྱ་བཟླ་ཞིང་ཚྭ་ཚྭ་བཏབ་པ་ན། །སྡིག་པ་འདག་ཅིང་ཉམས་ཆག་བསྐང་བར་འགྱུར། །ཚེ་དཔག་མེད་པའི་གཟུངས་སམ་སྙིང་པོ་བཟླ། །ཚྭ་ཚྭ་བཏབ་ན་ཚེ་ནི་འཕེལ་བར་འགྱུར། །སྦྱོང་རྒྱུད་རྩ་རིག་བཟླ་ཞིང་ཚྭ་ཚྭ་བཏབ། །ཚེ་འདས་ངན་སོང་གནས་ནས་ཐར་བར་འགྱུར། །ཚེ་འདས་སྡིག་པ་ཤིན་ཏུ་ཆུང་བའི་དོན། །ཚྭ་ཚྭ་བཏབ་སྟེ་དེ་ནི་མ་ཞིག་བར། །ཚེ་འདས་དེ་ནི་ངན་སོང་མི་འགྲོ་ཞེས། །ཡོངས་འཛིན་རྣམས་ཀྱི་གསུང་ལས་བདག་གིས་ཐོས། །ཅུང་ཟད་སྡིག་ཡོད་ཚེ་ལས་འདས་པའི་དོན། །ཚྭ་ཚྭ་བཅུ་གཉིས་བཏབ་ན་ངན་སོང་གྲོལ། །དེ་བས་སྡིག་ཆེ་ལ་ནི་ཚྭ་ཚྭའི་གྲངས། །གཅིག་ཁྲི་གཅིག་སྟོང་གཅིག་བརྒྱ་བཅུ་གཉིས་ཏེ། །དེ་ལས་ཀྱང་ནི་སྡིག་པ་ཆེ་བ་ལ། །དེ་ཡི་བཅུ་འགྱུར་བཏབ་ན་ངེས་པར་ཐར། །དེ་ཡང་ཚེ་འདས་དེ་ལ་བསྔོ་གལ་ཆེ། །གང་དག་མི་འཁྲུགས་པ་ཡི་གཟུངས་བཟླ་ཞིང་། །ཚ་ཚ་ཁྲི་དང་གཅིག་སྟོང་བརྒྱ་དང་བཅུ་གཉིས་བཅས། །བཏབ་ནས་མཆོད་པ་བྱས་ཏེ་ཆུར་གཤེགས་ན། །ཚེ་འདས་ངན་སོང་གནས་ལས་ཐར་བར་ངེས། །བླ་མ་ཞིང་གཤེགས་དོན་དུ་ཚ་ཚ་བཏབ། །ཐུགས་དགོངས་རྫོགས་ཤིང་ས་ལམ་བར་ཆད་ཞི། །རྗེས་འཇུག་སྨིན་གྲོལ་ལམ་ལ་འགོད་པར་ངེས། །ཕ་མའི་དོན་དུ་ཚ་ཚ་བཏབ་བྱས་ན། །སྡིག་སྒྲིབ་དག་ཅིང་ཚོགས་རྫོགས་དྲིན་ལན་འཁོར། །སྡིག་པ་བཤགས་ཕྱིར་སཱཙྪ་བཏབ་བྱས་ན། །མི་དགེ་མཚམས་མེད་རྩ་ལྟུང་ལ་སོགས་བྱང་། །ཞེས་སོགས་མང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་གསུངས།

༡ གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང་བྱ་དང་མི་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། འཆི་བའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ།། ཡང་ན་ཤི་སྟེ་དུས་ལས་འདས་ན་ཤི་འཕོས་པའི་མིང་ནས་སྨོས་ཏེ་དེའི་ཕྱིར་བྱམས་པ་དང་སྙིང་རྗེས་ལན་བརྒྱའམ། སྟོང་ངམ་འབུམ་བརྗོད་ན་སེམས་ཅན་དེ་དམྱལ་བར་སྐྱེས་སུ་ཟིན་ཀྱང་དེའི་མོད་ལ་ཐར་བར་འགྱུར་རོ།།

༢ སའམ། ཏིལ་ལམ། ཡུངས་ཀར་རམ། ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ་ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་བས་དེའི་རྗེས་སུ་བསྲེག་པའམ། ཡང་ན་མཆོད་རྟེན་གྱི་ནང་དུ་བཅུག་སྟེ་བཞག་ལ། རིག་སྔགས་ཀྱང་བྲིས་ཏེ་མགོ་བོ་ལ་བཏགས་ན། དེ་ངན་སོང་དུ་སྐྱེས་པ་ཡང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའམ། རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ།། ཞེས་དང་ ཡང་མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤོང་བའམ། འཕགས་པ་ལ་སྐུར་བ་བཏབ་པ་ཡང་རུང་སྟེ་འཆི་ཀར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན།  འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ། རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུངས་པར་འགྱུར་རོ། །ཞེས་འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་པ་ལས་གསུངས་སོ།། །།  

༣ གཟུངས་འདིའི་མཇུག་ཏུ་སརྦ་ས་ཏྭཱ་ཞེས་པའི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་མིང་སྣོན་དགོས་ཞེས་པ་ཡིན་ཞིང་། གསལ་པོར་ཤེས་དགོས་པ་ཞིག་ལ་གལ་ཏེ་སེམས་ཅན་གང་རུང་ཞིག་གི་དོན་དུ་ཡིན་ན་དེའི་མིང་ཡང་སྣོན་དགོས་སོ།།

༈ ༣ མགོན་པོ་མི་འཁྲུགས་པའི་བཞེངས་པའི་ཕན་ཡོན།  མདོ་སྡེ་དཀོན་མཆོགས་བརྩེགས་པ་ལས། 

ཤཱ་ར་དྭ་ཏའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་བཅོམ་ལྡན་འདའ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་མཚན་ཐོས་པ་དང་། ཐོས་ནས་ཀྱང་ཡིད་པ་བྱེད་པར་འགྱུར་པ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྐུ་གླང་པོ་ཆེའི་ཁྲི་ལ་པདྨའི་གདན་ལ་བཞུགས་པའི་སྟོང་བྱེད་དུ་བཅུག་ན། གང་གི་ཚེ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་འཆི་བའི་དུས་བྱེད་པར་གྱུར་པའི་ཚེ་བཅོམ་ལྡ་འདས་དེ་བཞིན་གཤེགས་པ་་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་སྐོར་ཞིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་འདུན་དུ་བདར་དེ་གཤེགས་པར་འགྱུར་ཞིང་། དེས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་མདུན་དུ་བཞུགས་པར་མཐོང་བར་འགྱུར་རོ།།མཐོང་ནས་ཀྱང་སེམས་དགའ་བར་འགྱུར་ཞིང་།མི་བརྗེད་པ་དང་། སེམས་མི་གཡེང་པར་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཆི་བའི་དུས་བྱས་ནས་ཀྱང་བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཉིད་དུ་སྐྱེ་བར་འགྱུར་རོ། ཞེས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པའི་ལེའུ་ལས་གསུངས་སོ།།


འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ།


 རྒྱ་གར་སྐད་དུ། ཨཱརྱ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སྭཱ་ཧཱ། གཟུངས་སྔགས་འདིའི་ཆོག་ནི་འདི་ཡིན་ཏེ། རྟག་ཏུ་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་ཡང་བྱང་བར་འགྱུར་རོ། །ལན་ཅིག་བཟླས་བརྗོད་བྱས་ན་ལྟས་ངན་པ་དང་། རྨི་ལམ་ངན་པ་དང་། བཀྲ་མི་ཤིས་པ་རྣམས་མེད་པར་འགྱུར་རོ། །ལུས་ལ་འཆང་ངམ་གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན། དེ་ལ་དུས་མ་ཡིན་པར་འཆི་བ་རྣམས་གཏན་དུ་འབྱུང་བར་མི་འགྱུར་རོ། །གང་ཞིག་སྙིང་རྗེས་ནོན་ཏེ་རི་དགས་དང་། བྱ་དང་མི་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། འཆི་བའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཡང་ན་ཤི་སྟེ་དུས་ལས་འདས་ན། ཤི་འཕོས་པའི་མིང་ནས་སྨོས་ཏེ་དེའི་ཕྱིར་བྱམས་པ་དང་། སྙིང་རྗེས་ལན་བརྒྱའམ་སྟོང་ངམ་འབུམ་བརྗོད་ན། སེམས་ཅན་དེ་སེམས་ཅན་དམྱལ་བར་སྐྱེས་སུ་ཟིན་ཀྱང་། དེའི་མོད་ལ་ཐར་བར་འགྱུར་རོ། །སའམ་ཏིལ་ལམ་ཡུངས་ཀར་རམ། ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ་ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ནས་དེའི་འོག་ཏུ་བསྲེག་པའམ། ཡང་ན་མཆོད་རྟེན་གྱི་ནང་དུ་བཅུག་སྟེ་བཞག་ལ། རིག་སྔགས་ཀྱང་བྲིས་ཏེ་མགོ་བོ་ལ་བཏགས་ན། དེ་ངན་སོང་དུ་སྐྱེས་པ་ཡང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའམ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ། །

 གང་ཞིག་ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ལ་གཙང་མར་བྱས་ཏེ།དུས་གསུམ་དུ་གོས་བརྗེ་ཞིང་ཁ་ཟས་མི་ཟ་བའམ། ཡང་ན་ཟས་དཀར་བག་བཟའ་ཞིང་སྐུ་གདུང་དང་ལྡན་པའི་མཆོད་རྟེན་སྐོར་བཞིན་དུ། གང་གི་མིང་དང་ལྡན་པས་ལན་འབུམ་བཟླས་བརྗོད་བྱས་ན། དེ་ངན་སོང་ནས་ཐར་ཏེ་གནས་གཙང་མའི་ལྷའི་རིས་སུ་སྐྱེས་ནས། སྒྲུབ་པ་པོའི་ཐད་དུ་འོངས་ཏེ་མཆོད་པ་བྱེད་ཅིང་ལུས་ཀྱང་སྟོན་ལ་ལེགས་སོ། །ཞེས་བྱ་བ་ཡང་བྱིན་ནས་ལན་གསུམ་བསྐོར་བ་བྱས་ཏེ་མི་སྣང་བར་འགྱུར་རོ། །དེའི་མིང་བྲིས་ལ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་། མཆོད་རྟེན་འབུམ་བྱས་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོ་དང་།  ཡང་ན་ཆུ་ཀླུང་དུ་བཏང་ན། དེས་སེམས་ཅན་དམྱལ་བ་ལ་སོགས་པ་ནས་ཐར་བར་འགྱུར་རོ། །ཡང་ན་དེ་ལྟར་མཆོད་པ་བྱས་ནས་མཇུག་ཏུ་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ལ། འཕགས་པའི་དགེ་འདུན་ལ་ཡང་མཆོད་སྟོན་གསོལ་ནས། ཡོན་ཡང་ཕུལ་ཏེ་ལེགས་པར་མཆོད་ནས། འདི་ཆེ་གེ་མོ་ཞིག་གི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག་ཅེས་ཀྱང་ཤེས་པར་བྱས་ན། དེ་ཁོ་ན་བཞིན་དུ་སྐྱེས་ནས་ལུས་ཀྱང་སྟོན་ཅིང་། ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་མི་སྣང་བར་འགྱུར་རོ། །མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤོང་བའམ། འཕགས་པ་ལ་སྐུར་པ་བཏབ་པ་ཡང་རུང་སྟེ། འཆི་ཀར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་དེ་ཉིད་བྱོན་ནས། འདི་སྐད་དུ་རིགས་ཀྱི་བུ་ཚུར་དའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ། །

  འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།


阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章