ཚོགས་གླུ་ལས་སྨོན་རྟེན་འབྲེལ་གྱི་སྦས་དོན་རྣམ་པར་གསལ་བ།

乐活   2024-11-04 12:23   青海  


ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་ཤིང་གི་སྟེང་དུ།།

業願緣起如意樹之上

རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ཡང་ཕེབས་བྱུང་།།

印度東方青年孔雀臨

རྨ་བྱའི་གདུགས་བསྐོར་དམ་པའི་ཆོས་ཕྱོགས་ལ་བསྒྱུར་དང་།།

孔雀開屏轉動聖法輪

གཞོན་པ་ང་ཚོས་ཐར་བའི་ལམ་སྣ་ཞིག་ཟིན་ཡོང་།།

我等青年邁入解脫道


བསོད་ནམ་དཔྱིད་ཀྱི་རྒྱལ་མོའི་ཤིང་རྟ་ལ་ཕེབས་པས།།

乘福德春季王妃車來

ལྷོ་མོན་ཤིང་ལོའི་ཚལ་གྱི་ཁུ་བྱུག་གི་གསུང་སྙན།།

南門巴族林園杜鵑聲

ཡ་ཀི་དྲི་ཟིའི་བུ་མོའི་གླིང་བུ་ལས་སྙན་པས།།

猶勝上方妙音女笛聲

དབྱས་གསུམ་ནམ་ཟླ་བསྲོ་བའི་རྟེན་འབྲེལ་ལས་ཡག་བྱུང་།།

夏季三月喜悅妙緣起


འདིར་འདུས་ལས་སྨོན་མཐུན་པའི་རྡོ་རྗེ་དང་སྤུན་གྲོགས།།

此地依緣金剛道友聚

ང་ཚོའི་བླ་མ་བཞུགས་པའི་ཆོས་གྲལ་ལ་ཕེབས་དང་།།

請來吾等上師法之苑

སྨིན་གྲོལ་བདུད་རྩི་འཐུང་བའི་དགའ་སྟོན་གྱི་ངང་ནས།།

分享解脫甘露喜宴中

ཉམས་དགའ་གླུ་རུ་ལེན་པའི་ཁྱད་ཆོས་ཤིག་ཡོད་དོ།།

唱起歡愉道歌具深意


བདེ་ཆེན་འཕོ་འགྱུར་མེད་པའི་བཞུགས་གྲལ་གྱི་དབུས་ནས།།

大樂不動不變座列中

ལྷ་དང་བླ་མའི་ཞལ་རས་མ་བསྒོམས་ཀྱང་མཐོང་བྱུང་།།

無觀而顯本尊上師面

མ་དག་མཁའ་འགྲོའི་སྙིང་ཏིག་འོད་གསལ་གྱི་ཐེག་པས།།

佛母空行心髓光明乘

འཇའ་ལུས་ཆོས་བསྐུར་འགྲུབ་པའི་དངོས་གྲུབ་ཅིག་ཞུའོ།།

請賜悉地願成虹法身



༄༅། །ཚོགས་གླུ་ལས་སྨོན་རྟེན་འབྲེལ་གྱི་སྦས་དོན་རྣམ་པར་གསལ་བ་རིག་སྟོང་དགོངས་པའི་སྣང་བྱེད་ཅེས་བྱ་བ་བཞུགས་སོ།།


༄༅།  །ན་མོ་གུ་རུ་སརྦ་ཛྙཱ་ཨ་བྷ་ཡ་དྭཱིཔ་ཡ།  ཀུན་མཁྱེན་བླ་མའི་རྡོ་རྗེའི་ཐོལ་གླུ་ཟབ་དོན་བསམ་མི་ཁྱབ་པའི་དགོངས་དོན་ཇི་ཙམ་བློས་དཔོག་ཚོད་ལྟར་འཆད་ན་རྡོ་རྗེ་ཐེག་པ་མཆོག་གི་ལམ་ནས་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་གསང་བ་མངོན་སུམ་དུ་གྱུར་བའི་ཆེ་བའི་རྟོགས་པ་བརྗོད་པ་ལ།


དང་པོ་ཡེ་ཤེས་རྡོ་རྗེའི་སྐུའི་རྟོགས་པ་བརྗོད་པ་ནི།


དེ་ཡང་ཀུན་རྫོབ་མཚན་བཅས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་གྱི་བདེན་པ་མི་བསླུ་བར་སྣང་ཞིང༌།དོན་དམ་མཚན་མེད་ཀྱི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ་གཉིས་ཟུང་འཇུག་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོར་དག་མཉམ་བདེན་པ་དབྱེར་མེད་དུ་རྟོགས་པ་གསང་སྔགས་སྔ་འགྱུར་བའི་ཁྱད་ཆོས་ཏེ།དེས་ན་ཀུན་རྫོབ་རྣམ་དཀར་གྱི་བག་ཆགས་མཐུ་བརྟས་པའི་ལས༵་དགེ་བ་དང་བསམ་སྦྱོར་རྣམ་དག་གི་སྨོན༵་ལམ་གཉིས་ཀྱི་རང་འབྲས་ལྷ་བས་ལྷག་པའི་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ཀྱི་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་རྟེན༵་འབྲེལ༵་ལེགས་ཕྱོགས་སུ་སྨིན་པས་རྡོ་རྗེ་ནང་གི་ས་ལམ་གྱི་ཡོན་ཏན་འདོད་རྒུ་འབྱུང་བའི་དབུ་མ་ལ་དཔ༵ག་བས༵མ་ལྗོན༵་ཤིང༵་གི༵་སྒྲས་རྒྱུད་སྡེ་དུ་མ་ནས་གསུངས་ལ།དེའི་དབྱིངས་སུ་རླུང་སེམས་ཐིག་ལེ་དང་བཅས་པ་དག་དགོས་པས་སྟེང༵་ན༵་ཞེས་གསུངས་ཤིང༌།རྒྱ༵་གར༵་འདི་འཛམ་གླིང་གི་ཡུལ་དབུས་དྲོད་ཚད་རང་བཞིན་གྱིས་འཕེལ་བའི་གནས་སུ་གྱུར་པས་གཏུམ་མོའི་མེ་མཚོན་ཞིང༌།དེ་ཉིད་འབར་བས་དྭངས་མའི་ཐིག་ལེའི་ཟླ་བ་གཡོས་ཏེ་དེ་ཉིད་ཀྱི་བྱེད་པས་ནང་གི་ཡེ་ཤེས་ཀྱི་ཉིན་བྱེད་འདྲེན་ནུས་པའམ།ཀུན་རྫོབ་ཏུའང་ཟླ་ཉི་ཐོག་མར་མངོན་ཕྱོགས་ལ་ཤར༵་གྱི༵་སྒྲས་མཚོན་ལ།དེའི་ཚེ་ཞུ་བདེ་མི་རྟོག་པའི་ཉམས་འགྱུར་བརྒྱ་ཕྲག་གིས་དྲངས་པས་དཀར་དམར་འདྲེས་པའི་རྣམ་འགྱུར་གྱི་འགྲོ་འོང་ནི་རྨ༵་བྱ༵་གཞོ༵ན་ནུ༵་བདེ་སྟོང་ཉམས་ཀྱི་སྤུ་སྡུག་གིས་སྒེག་པ་ལྟ་བུ་དང་མཚུངས་པར་ཡང༵་ཡས་བབ་དང་མས་བརྟན་གྱི་དགའ་བཞི་ལུགས་འབྱུང་ལྡོག་གི་འགྲོ་འོང་གིས་ཕེབ༵ས་བྱུང༵་ཞེས་གསུངས་ཤིང༌།དེའི་བྱེད་ལས་ཀྱིས་འཁོར་བའི་འཁྲུལ་སྣང་བསྐྱེད་པའི་རྩ་རླུང་ཐིག་ལེའི་ཆ་དག་པས།སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་བའི་དྷཱུ་ཏིའི་གནས་སུ་རླུང་སེམས་ཐིག་ལེ་དང་བཅས་པ་འདྲེན་པ་ནི་རྨ༵་བྱའི༵་གདུག༵ས་སྐོར༵་དམ༵་པའི༵་ལམ་དང་མཐུན་པའི་ཆོས༵ཕྱོག༵ས་སུ༵་བསྒྱུ༵ར་དང༵་།འཕགས་ལམ་ཡོན་ཏན་གྱི་ན་ཚོད་གཞོ༵ན་པ༵་ང༵་ཚོས༵་དཀའ་ཐུབ་ཀྱིས་ངལ་དུབ་ལ་མ་ལྟོས་པར་ཡུད་ཙམ་གྱིས་ས་བཅུ་དབུ་མའི་དབྱིངས་སུ་རྫོགས་ནས་མི་སློབ་མངོན་གྱུར་ཐར༵་པ༵་ཆེན་པོ༵འི་ལམ༵་སྣ༵་ཞི༵ག་མྱུར་དུ་ཟིན༵་ནས་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ་འགྲུབ་པའི་གོ་འཕང་མངོན་དུ་གྱུར་ཡོང༵་ཞེས་སོ།།


གཉིས་པ་གསུང་རྡོ་རྗེའི་དབྱངས་ཀྱི་རྟོགས་པ་བརྗོད་པ་ནི།


འབར་འཛག་གི་སྦྱིན་པ།འཕོ་མེད་ཀྱི་ཚུལ་ཁྲིམས་སོགས་ངེས་དོན་གྱི་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པ་ནི་བསོ༵ད་ནམ༵ས་ཀྱི་ཚོགས་ཆེན་མཐར་ཕྱིན་པ་ཡིན་ལ།  དེ་ཚེ་ཐིག་ལེ་དྭངས་མ་སྨིན་པའི་དཔྱིད༵་ཀྱི༵་རྒྱལ༵་མོའི༵་ཡེ་ཤེས་ཀྱི་རླུང་གི་ཤི༵ང་རྟ༵་ལ༵་དྲངས་ཏེ་ཕེབ༵ས་དང༵་ཞེས་བསྐུལ་བའི་མཐུས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་གྲོལ་ཏེ་ལྷོ༵་ཕྱོགས་མ་ལ་ཡའི་ཙན་དན་གྱིས་རེག་པའི་དྲི་ཡི་བཞོན་པས་ཚ་གདུང་འཇིལ་བ་ལྟར་ལས་ཉོན་གྱི་གདུང་བ་སེལ་ཞིང་ཐར་པའི་སྲོག་རྩ་བརྟན་པའི་ཟབ་རྒྱས་ཆོས་ཀྱི་སྒོ་ཐོགས་མེད་དུ་འབྱེད་ནུས་པ་དང༌།  མོ༵ན་སོགས་ལྷོ་རོང་ན་རྒྱས་པའི་ལྗོན་ཤི༵ང་གི་རང་རྩལ་ལོ༵་འབྲས་མེ་ཏོག་བཞིན་གཟུངས་དྲན་མངོན་ཤེས་ཏིང་ངེ་འཛིན་སོགས་ལམ་གྱི་ཡོན་ཏན་རྨད་དུ་བྱུང་བའི་སྒོ་འཕར་བརྒྱ་ཕྲག་ལྡན་པའི༵་ཀུན་དགའི་སྐྱེད་ཚལ༵་ཀྱང་ཞར་བྱུང་གིས་ཐོབ་པའི་ཚེ་དཔྱིད་སོས་དུས་ཀྱིས༵་སྦྲན་པའི་ཁུ༵་བྱུག༵་གི༵་གསུང༵་སྙན༵་ལས་ལྷག་པའི་སྨིན་གྲོལ་མཆོག་ལ་སྦྱོར་བའི་བྱེད་ལས་ཡ༵་གི༵་སུམ་ཅུ་རྩ་གསུམ་གྱི་ཚལ་ན་གནས་པའི་དྲི༵་ཟ༵འི་རྒྱལ་པོའི་དགྱེས་སྡེ་ལྷ་ཡི་བུ༵་མོའི༵་གླིང༵་བུ༵་ལས༵་སྙན༵་པ༵ར་སྒྲོག་པས་དབྱར༵་གྱི་དགའ་སྟོན་དང་མཚུངས་པའི་རིགས་ཅན་གསུམ༵་གྱི་གདུལ་བྱའི་ཐར་པའི་ས་བོན་བསྐྱེད་བསྲིངས་ནས་ནམ༵་ཟླའི༵་དུས་ཀྱི་རྒུད་པ་གསོ༵་བ༵་ལྟར་བྱང་ཆུབ་ལམ་གྱི་ཡོན་ཏན་འཕེལ་ཞིང་རྒྱས་པའི༵་རྟེན༵་འབྲེལ༵་གྱིས་དགའ་སྟོན་ལེགས་སྨོན་ཕུལ་དུ་བྱུང་བ་ལ༵་ཕལ་ཚིག་དང་མཐུན་པར་ཡག༵་བྱུང༵་ཞེས་གསུངས་པའོ།།


གསུམ་པ་ཡེ་ཤེས་རྡོ་རྗེའི་རྟོགས་པ་བརྗོད་པ་ནི།


དེང་འདི༵ར་ཚོག༵ས་ཀྱི་འཁོར་ལོའི་འདུ་བ་ལ་སྤྱོད་པའི་སྔོན་དགེའི་ལས༵་འབྲེལ་སྨོན༵་ལམ་དག་པས་མཐུན༵་ཅིང་ཆོས་དང་བླ་མ་གཅིག་པ་ནང་འདྲེས་པའི༵་རྡོ༵་རྗེ༵་ཡི༵་སྤུན༵་གྲོག༵ས་མཆེད་ལྕམ་ཐམས་ཅད་ང༵་ཚོའི༵་བླ༵་མ༵་ཐེག་པ་མཆོག་གི་ལྟ་སྤྱོད་ཀློང་དུ་གྱུར་ཅིང་ཟབ་ལམ་ཐང་མར་བརྡལ་བའི་ཆོས་སྟོན་པ་རྡོ་རྗེ་རྒྱལ་པོ་བཞུག༵ས་པའི༵་ཚོག༵ས་གྲལ༵་ལ༵་འདུ་བར་འོས་པས་སྤྲོ་དགའི་ངང་ཚུལ་གྱིས་ཕེབ༵ས་དང༵་། གསང་སྔགས་ལམ་གྱི་རྩ་བ་དབང་བཞིས་རྒྱུད་སྨིན༵་ཅིང༌། གྲོལ༵་བྱེད་རིམ་གཉིས་མྱུར་ལམ་གྱི་བདུ༵ད་རྩི༵་དད་བརྩོན་མགྲིན་པ་བཟང་པོའི་ལམ་དུ་འཐུ༵ང་བས་རོ་བཅུད་མྱོང་བའི༵་དག༵འ་སྟོན༵་གྱི༵་ངང༵་ནས༵་ལྟ་སྒོམ་སྤྱོད་པའི་གདེང་ཚད་དང་ལྡན་པས་སྐྱིད་ལ་ཟོས་བདེ་ཉམ༵ས་དག༵འ་བའི་རྡོ་རྗེའི་གླུ༵་རུ༵་ལེན༵་པ་འདི་ཐོ་ཅོ་དང་བབ་བཅོལ་མ་ཡིན་པར་ཐེག་མཆོག་ལམ་ལ་སྤྱོད་པའི༵་ཁྱད༵་ཆོས༵་ཤི༵ག་ཡོད༵་དོ༵། ། ཇི་ལྟར་ཞེ་ན། གནས་སྐབས་འདོད་ཡོན་གྱིས་བསྐྱེད་པའི་དགའ་བདེ༵་ལྟ་བུ་མ་ཡིན་པར་གདོད་མའི་གཞི་དབྱིངས་ཀ་དག་གི་དགོངས་པའི་བཙན་ས་ཟིན་པས་གཞི་སྣང་འོད་གསལ་སྐུ་དང་ཡེ་ཤེས་ཀྱི་འཆར་ཆ་བདེ་བ་ཆེ༵ན་པོ་ངོ་བོ་འཕོ༵་འགྱུར༵་བྲི་གང་མེད༵་པ༵་དབྱིངས་དང་དབྱེར་མེད་དུ་བཞུག༵ས་བཞིན་རྣམ་པ་དཀྱིལ་འཁོར་འཁོར་ལོའི་ལྷ་སྔགས་ཆོས་ཉིད་ཀྱི་རྣམ་རོལ་རྩ་བ་གསུམ་གྱི་ལྷ་ཚོགས་འདུས་པའི་གྲལ༵་གྱི༵་དབུ༵ས་ན༵་དངོས་གཅིག་དུ་མའི་རོལ་པ་བསམ་མི་ཁྱབ་པའི་སྣང་གྲགས་རིག་པ་བཟང་ངན་དང་སྤང་བླང་གི་དབྱེ་བསལ་ཐ་དད་དུ་མ་མཆིས་པ་ཕུན་ཚོགས་ངེས་པ་ལྔ་ལྡན་གྱི་བཀོད་པ་རང་སྣང་ལྷུན་རྫོགས་སུ་བཞུགས་པ་ལ་བསྒྲུབ་བྱ་དཀྱིལ་འཁོར་གྱི་ལྷ༵་དང༵་སྒྲུབ་བྱེད་རིག་འཛིན་བླ༵་མ༵་གཉིས་ཐ་དད་དུ་མ་མཆིས་པ་ཡེ་ནས་གཉིས་མེད་ཆེན་པོའི༵་ཡིན་ལུགས་ཀྱི་ཞལ༵་རས༵་མངོན་དུ་གྱུར་བའི་སྣང་ངོར་ཀུན་བརྟགས་ཀྱི་བློས་བསྐྱེད་རྫོགས་ཆེད་དུ་མ༵་བསྒོམ༵ས་ཀྱང༵་རང་བཞིན་ཡོངས་གྲུབ་ཆེན་པོའི་དོན་དམ་གྱི་ལྷག་པའི་ལྷ་རུ་ཞལ་རས་མངོན་སུམ་དུ་མཐོ༵ང་བྱུང༵་བས་རིག་འཛིན་གབ་བྱང་ལས།ལྷ་དང་སྣང་བ་ཆོས་ཉིད་གསུམ༔གཅིག་ཏུ་འདྲེས་པར་མ་གྱུར་བར༔ཏིང་འཛིན་གནད་ཀྱི་འཛིན་ཕུར་གདབ༔ཅེས་གསུངས།གསང་ཆེན་རྒྱུད་སྡེའི་སྲུང་མ་མ༵་དང༵་མཁ༵འ་འགྲོའི༵་སྡེ་ཚོགས་རྒྱ་མཚོས་གཅེས་སྤྲས་སུ་བསྐྱངས་ཤིང་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཡང་སྙིང༵་གི་དྭངས་མའི་ཐིག༵་ལེ་ངེས་དོན་མཐར་ཐུག་འོད༵་གས༵ལ་གྱི༵་དོན་བསམ་མི་ཁྱབ་པའི་དེ་ཉིད་སྒྲ་ཇི་བཞིན་དུ་སངས་རྒྱས་འཕགས་པའི་དགོངས་པ་བཞིན་སྟོན་པའི་ཐེག༵་པའི༵་གསེང་ལམ་མཐར་ཕྱིན་ནས་ལུས་འཇ༵འ་ལུས༵།ངག་གཞོམ་མེད་ཆོས་ཀྱི་དབྱིངས།སེམས་ཆོས༵་སྐུ༵་ཟབ་གསལ་གཉིས་མེད་དུ་སངས་རྒྱས་ཏེ་མི་སློབ་པའི་ལམ་གྱི་གོ་འཕང་མཐོང་བའི་ཆོས་ལ་འགྲུབ༵་པའི༵་དངོ༵ས་གྲུབ༵་ཅིག༵་ཞུ༵འོ༵་ཞེས་གསུངས་པའོ། །ཞེས་ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུང་གི་དགོངས་ཟབ་སོ་སོའི་སྐྱེ་བོའི་བློ་ཡི་སྤྱོད་ཡུལ་གྱིས་མི་རྟོགས་ཀྱང་དད་པའི་ཉེ་བར་ལེན་པའི་རྐྱེན་གྱིས་ཡིད་ལ་ཇི་ལྟར་ཤར་བའི་གོ་ཚོད་བྲིས་པ་དགོངས་དོན་ཇི་བཞིན་འབྱོར་ན་དོན་མཐུན་རྡོ་རྗེའི་མཆེད་ཚོགས་དགྱེས་པའི་མཆོད་སྤྲིན་དུ་འབུལ་ཞིང༌།གཟུ་ལུམ་སྤྱི་བརྟོལ་གྱི་ནོངས་པ་སྙིང་ནས་འགྱོད་ཚངས་དང་བཅས་མདོ་ཁམས་ཀྱི་འཁྱམས་པོ་རྨོང་བརྟུལ་མངྒ་ལ་ཤྲཱི་བྷུ་ཏིས་འབྲུག་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་དཔལ་ཆེན་འདུས་པའི་ཚོགས་སྒྲུབ་ཀྱི་སྐབས་བྲིས་པ་འགྲོ་ཀུན་དངོས་གྲུབ་མཆོག་གི་དགའ་སྟོན་ལ་སྦྱོར་བའི་རྒྱུར་གྱུར་ཅིག། །།



阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章