ལོ་གསར་གྱི་དུས་སུ་ཀ་ར་བུ་རམ་གྱི་སྡེར་ཁ་བཤམས་ཏེ་དགའ་སྟོན་གྱི་དཔལ་ལ་རོལ་དགོས་མོད། འོན་ཀྱང་ཀ་རའམ་མངར་ཆའི་རིགས་བཟའ་རྒྱུ་མང་དྲགས་ན་སྐྲན་ནད་སོགས་ནད་རིགས་མང་པོ་འབྱུང་ཉེན་ཡོད། གཤམ་དུ་ཁྱེད་ལ་བདེ་ཐང་ངང་ཀ་རའམ་མངར་ཆའི་ཟས་རིགས་སྤྱོད་སྟངས་བཞི་ཞུ་རྒྱུ་ཡིན།
01ཀ་རའམ་མངར་ཆའི་གནོད་པ་ནི་ཁྱེད་ཀྱིས་དཔག་པར་དཀའ།
2006ལོར། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་23ཏུ་མི་འཆི་རྐྱེན་ལ་བརྟག་དཔྱད་བྱས་རྗེས། མི་རྣམས་ཧང་སངས་དགོས་པའི་སྡོམ་ཚིག་ཅིག་ཐོབ་པ་སྟེ། མངར་ཆའི་གནོད་པ་ནི་ཐ་མག་འཐེན་པ་ལས་ཀྱང་ཆེ་བ་ཡོད་པ་དེ་རེད།
བརྟག་དཔྱད་འདི་ལས་ད་དུང་གསལ་སྟོན་ཐུབ་པ་ནི། ཡུན་རིང་པོར་མངར་ཆ་མཐོ་བའི་ཟས་རིགས་ཟ་བར་དགའ་བའི་མི་རྣམས་ཀྱི་ཆ་སྙོམས་ཚེ་ཚད་དེ་རྒྱུན་ལྡན་གྱི་བཟའ་བཏུང་བྱེད་མཁན་ལས་ལོ་10-20བར་ཐུང་བ་ཡོད་པ་རེད།
02ཀ་རའམ་མངར་ཆའི་རིགས་མང་པོ་བཟས་ན་ལུས་པོ་ཡོངས་ལ་གནོད་པ་འབྱུང་སྲིད།
1 སྐྲན་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ། མངར་ཆ་ཅན་གྱི་ཟས་རིགས་དང་འབྲས་སྐྲན་གྱི་རིགས་ཁ་ཤས་དབར་ཐད་ཀའི་འབྲེལ་བ་མེད་མོད། འོན་ཀྱང་དེ་དག་ནི་འབྲས་སྐྲན་གྱི་མི་མངོན་པའི་འབྱུང་ཁུངས་ཡིན་སྲིད་དེ། མངར་ཆ་བཟའ་རྒྱུ་མང་དྲགས་ན་ལུས་ཤ་རྒྱགས་པ་ཆགས་སྲིད་ཅིང་། ལུས་ཤ་རྒྱགས་པ་ནི་འབྲས་སྐྲན་སྣ་ཚོགས་ཀྱི་འབྱུང་རྐྱེན་ཡིན།
2 སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ། དུས་ཡུན་རིང་པོར་ཀ་རའམ་མངར་ཆའི་རིགས་འབོར་ཆེན་བཟས་ན། མངར་ཆ་མང་དག་ཅིག་ཞག་ཚིལ་དུ་གྱུར་ནས་ལུས་པོའི་ནང་གསོག་ཉར་བྱེད་ཀྱི་ཡོད་པས་ལུས་ཤ་རྒྱགས་པ་ཆགས་སླ་བ་དང་། དེས་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།
3 གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ། ཀ་རའམ་མངར་ཆའི་རིགས་བཟའ་རྒྱུ་མང་དྲགས་ན་ལུས་ཤ་རྒྱགས་པ་ཆགས་པ་མ་ཟད། གཤེར་མའི་ཕུང་རྩིའི་ཚོར་སྐྱེན་རང་བཞིན་དམའ་རུ་གྱུར་ཏེ་གཅིན་སྙི་ཟ་ཁུའི་ནད་འབྱུང་ཉེན་ཆེ་རུ་འགྲོ་བ་ཡིན། 60%ཡན་གྱི་རིགས་2པའི་གཅིན་སྙི་ཟ་ཁུའི་ནད་པ་ཚང་མར་ལྗིད་ཚད་ལས་བརྒལ་བ་དང་ལུས་ཤ་རྒྱགས་དྲག་པའི་སྣང་ཚུལ་ཡོད།
4 སོ་རུལ་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ། རྒྱུན་དུ་ཀ་རའམ་མངར་ཆའི་རིགས་བཟས་ན། ཁ་སྦུག་ནང་གི་འབུ་ཕྲར་སྐྱེ་འཕེལ་གྱི་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་ཀྱི་ཡོད་པས། སོ་རུལ་དང་ཁ་སྦུག་གི་ནད་རིགས་གཞན་དག་འབྱུང་སླ་པོ་ཡོད།
5 མཆིན་པ་ཚིལ་འགྱུར་གྱི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ། མངར་ཆ་ཞག་ཚིལ་དུ་གྱུར་རྗེས། ཆ་ཤས་ཤིག་པགས་འོག་ཏུ་གསོག་པ་དང་ཆ་ཤས་གཞན་ཞིག་དོན་སྣོད་ཀྱི་ཕྱི་ངོས་སུ་གསོག་སྲིད་པས། མཆིན་པ་ཚིལ་འགྱུར་གྱི་ནད་ཕོག་སྲིད་པ་ཙམ་མ་ཟད། ད་དུང་སྙིང་ཚིལ་འགྱུར་གྱི་ནད་དང་མཚེར་བ་ཚིལ་འགྱུར་གྱི་ནད་སོགས་འབྱུང་ཉེན་ཡོད།
6 སྐྱི་པགས་རྒས་མགྱོགས་པ། ང་ཚོས་མངར་ཆ་མང་པོ་བསྡུ་ལེན་བྱེད་སྐབས། ལུས་སྟེང་གི་ཚ་ནད་ལ་འཕོ་འགྱུར་འབྱུང་སླ་བས། དེས་DNAདང་སྤྱིན་གཞིའི་སྤྲི་དཀར་ལ་ཤུགས་རྐྱེན་ངེས་ཅན་ཞིག་བཟོས་ཏེ་སྐྱི་པགས་རྒས་མགྱོགས་སུ་འགྲོ་ཡི་ཡོད།
03
མངར་ཆ་རིགས་འདི་གཉིས་མང་ཙམ་བཟས་ན་བཟང་།
1 β-རྒུན་འདུས་མངར་ཆ། དེ་ནི་རང་བྱུང་གི་མངར་ཆ་མང་འདུས་ཤིག་སྟེ། བཟའ་བཅའི་ཚི་སྣའི་ཁྲོད་ཀྱི་རིགས་ཤིག་ཀྱང་ཡིན། དེས་ཁྲག་མངར་སྙོམས་སྒྲིག་དང་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་གཏོང་བ། ཁྲག་ཚིལ་ལེགས་བཅོས་བཅས་ལ་ཕན།
ཟས་རིགས་འདི་དག་གི་ནང་དུ་β-རྒུན་འདུས་མངར་ཆ་མང་པོ་ཡོད་པ་སྟེ།
2 ཉུང་འདུས་ཤིང་འབྲས་མངར་ཆ། དེ་ནི་སྐྱེ་ཕན་ཡོན་གྱི་རིགས་ཤིག་ཡིན་ལ། ཆུ་ཞུ་རང་བཞིན་གྱི་བཟའ་བཅའི་ཚི་སྣ་ཅུང་ལེགས་པོ་ཞིག་ཀྱང་ཡིན། རྒྱུན་པར་ཉུང་འདུས་ཤིང་འབྲས་མངར་ཆ་བསྡུ་ལེན་བྱས་ན། ཆབ་ཆེན་འབབ་རྒྱུ་དང་། ཁྲག་མངར་བརྟན་དུ་གཏོང་རྒྱུ། འཚོ་བཅུད་བསྡུ་ལེན་ཡག་ཏུ་འགྲོ་རྒྱུ། ཁྲག་ཚིལ་བརྗེ་ཚབ་ལེགས་སུ་འགྲོ་རྒྱུ་བཅས་ལ་རོགས་འདེགས་ཐུབ་ཀྱི་ཡོད།
ཟས་རིགས་འདི་དག་གི་ནང་དུ་ཉུང་འདུས་ཤིང་འབྲས་མངར་ཆ་ཡོད་པ་སྟེ། གྲོ་ནག་དང་། གྲོ་བོ། ཙོང་རིལ། སྒ་སྨུག སྒོག་པ། ངང་ལག་སོགས་ཡིན།
04ཚད་དང་རན་པའི་སྒོ་ནས་མངར་ཆའི་རིགས་སྤྱོད་དགོས།
1 མངར་ཆ་བསྡུ་ལེན་གྱི་སྤྱི་འབོར་ཚོད་འཛིན་བྱེད་དགོས།《ཀྲུང་གོའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན(2022)》ཐོག་བཏོན་པའི་གྲོས་འགོ་ལྟར་ན། མི་རེས་ཉིན་རེར་སྦྱོར་རྟའི་མངར་ཆ་བསྡུ་ལེན་བྱེད་ཚད་ཁེ་50ལས་བརྒལ་མི་རུང་བ་དང་། ཡག་ཤོས་བྱུང་ན་ཁེ་25ནང་ཚུན་དུ་ཚོད་འཛིན་བྱེད་དགོས།
དྲན་སྐུལ་ཞུ་རྒྱུ་ཞིག་ནི། སྦྲང་རྩི་ཡང་མངར་ཆའི་རིགས་ཡིན་པ་དང་། དེའི་གྲུབ་ཆའི་70%ཡན་ཚང་མ་མངར་ཆ་ཡིན་ལ། གཙོ་བོ་ཤིང་འབྲས་མངར་ཆ་དང་རྒུན་འབྲུམ་མངར་ཆས་གྲུབ་པ་ཡིན། གལ་ཏེ་ཉིན་དེར་སྦྲང་རྩི་འཐུང་ན། དེ་ཡང་ཁེ་50ཡི་ནང་དུ་རྩི་དགོས།
2 ཟས་རིགས་ཁྲོད་ཀྱི་མངོན་མེད་མངར་ཆར་དོགས་ཟོན་བྱེད་དགོས། ཞོར་ཟས་ཉོ་སྐབས་རྒྱུ་ཆའི་རེའུ་མིག་ལ་བལྟ་དགོས། ཞོར་ཟས་ཁ་ཤས་ཀྱི་བྲོ་བ་མངར་མོ་མེད་མོད། འོན་ཀྱང་དེའི་ནང་དུ་མངར་ཆ་མི་ཉུང་བ་ཞིག་བསྣན་ཡོད། རྒུན་འབྲུམ་མངར་ཆ་དང་བུ་རམ་མངར་ཆ། ཤིང་འབྲས་མངར་ཆ། འོ་མའི་མངར་ཆ། གྲོ་མྱུག་མངར་ཆ། མ་རྨོས་ལོ་ཏོག་གི་མངར་ཁུ་བཅས་ཚང་མ་མངར་ཆའི་ཁོངས་སུ་གཏོགས་ཀྱི་ཡོད་ཅིང་། ཟས་རིགས་ཀྱི་རྒྱུ་ཆ་སྡེབ་སྦྱོར་རེའུ་མིག་གི་བང་གྲལ་ནི་གང་དེའི་འདུས་ཚད་ཀྱི་མང་ཉུང་ལྟར་སྒྲིག་པ་ཡིན་པས། ཇི་ཙམ་མདུན་དུ་ཡོད་ན་དེ་ཙམ་གྱིས་འདུས་ཚད་མང་བ་ཡོད།
ཚལ་བཟོ་སྐབས་མངར་ཆ་མང་པོ་སྤྱོད་དགོས་པའི་ཚལ་ཉུང་ཙམ་བཟོ་དགོས། གཡོས་སྦྱོར་བྱེད་སྐབས་ཀྱང་དོ་སྣང་བྱེད་དགོས་པ་སྟེ། མངར་ཆ་མང་པོ་སྤྱོད་དགོས་པའི་ཚལ་ཉུང་ཙམ་བཟོ་དགོས། དཔེར་ན་མངར་སྐྱུར་རྩིབ་ཤ་དང་ཉ་ཤའི་བྲོ་སྦྱོར་ཤ་སིལ་སོགས་ནི་མངར་ཆ་མང་བའི་ཚལ་ཡིན་ཏེ། ཟ་ཐེངས་གཅིག་གི་ཚལ་ནང་དུ་མངར་ཆ་འདུས་ཚད་ཧ་ལམ་ཁེ་20ནས་30བར་ཡིན།
ད་དུང་རྒྱུན་མཐོང་གི་བྲོ་རྫས་ཞོ་ཁུ་འགའ་ལའང་དོ་སྣང་བྱེད་དགོས་ཏེ། དཔེར་ན་ཀྲོ་མ་ཀྲུའི་ཞོ་ཁུ་དང་བསྲེགས་ཟས་ཞོ་ཁུ་ལྟ་བུ་རེད། ཀྲོ་མ་ཀྲུའི་ཞོ་ཁུ་ཁེ་150ཅན་གྱི་ཁུག་མ་གཅིག་ནང་མངར་ཆ་ཁེ་30ཡས་མས་འདུས་ཡོད།
མངར་ཆ་ཉུང་བའམ་མངར་ཆ་མེད་ཅེས་པའི་ཤོག་བྱང་བརྒྱབ་པའི་ཟས་རིགས་ལ་དོ་སྣང་བྱེད་དགོས་པ་སྟེ། མངར་ཆ་མེད་པའི་ཟས་རིགས་ཁྲོད་ཀྱི་མངར་བའི་རོ་ནི་མིས་བཟོས་འདྲེས་གྲུབ་མངར་རྫས་ཀྱིས་བསྐྱེད་པ་ཡིན་སྲིད། མ་གཞི་དེས་ནུས་ཚད་མི་ཐོན་པའམ་ནུས་ཚད་ཧ་ཅང་དམའ་པོ་ལས་མི་ཐོན་མོད། འོན་ཀྱང་བཟའ་རྒྱུ་མང་དྲགས་ན་ལུས་པོའི་ཁུར་པོ་ལྕི་རུ་འགྲོ་སྲིད།
མངར་ཆ་ཉུང་བའི་ཟས་རིགས་ཡིན་ན། གང་དེ་མངར་ཆ་ཉུང་བའི་ཚད་གཞིར་སླེབས་ཡོད་མེད་ལ་བལྟ་དགོས་ཏེ། གཤེར་གཟུགས་ཧའོ་ཧྲེང་100འམ་ཡང་ན་སྲ་གཟུགས་ཁེ་100ཡི་ནང་མངར་ཆ་འདུས་ཚད་ཁེ་5ལས་ཉུང་བ་ཡིན་དགོས།
3 མངར་ཆའི་རིགས་བཟས་ཚར་རྗེས་ཆུ་གཙང་མས་ཁ་བཤལ་དགོས།
4 འགུལ་སྐྱོད་བྱེད་ཚད་མང་དུ་གཏོང་དགོས། མངར་ཆ་ཁོག་ནང་སླེབས་རྗེས་མགྱོགས་མྱུར་ངང་ནུས་ཚད་ལ་འགྱུར་སྲིད། གལ་ཏེ་ཉིན་ཞིག་བསྡུ་ལེན་བྱས་པའི་མངར་ཆ་ནམ་རྒྱུན་ལས་མང་ན། འགུལ་སྐྱོད་བྱེད་ཚད་མང་དུ་བཏང་སྟེ་ནུས་ཚད་ལྷག་མ་རྣམས་ཟད་ཐུབ་པ་བྱེད་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་འགན་ཁུར་པ། བསྟན་འཛིན་འཇིགས་མེད།
དོ་དམ་པ། བསམ་གྲུབ་བསྟན་འཛིན།