ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་10ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་དམག་གི་དམག་དོན་དམིགས་འབེན་མང་པོ་ཞིག་ལ་མུ་མཐུད་རྡུང་རྡེག་བཏང་ཡོད་ཅེས་བཤད་པ་རེད། ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་བཀོད་འདོམས་པུས་ཡུག་རེན་དམག་གིས་མུ་མཐུད་འཐབ་ཕྱོགས་བརྟན་སྲུང་གིས་ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཐེངས་མང་ཕྱིར་བཟློགས་ཡོད་ཅེས་བཤད་པ་རེད། དེ་དང་ཆབས་ཅིག་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཕར་ཕྱོགས་ཀྱི་མི་མེད་གནམ་གྲུའི་གཞི་ཁྱོན་ཆེ་བའི་འཇབ་རྒོལ་ཕོག་བྱུང་ཞེས་བརྗོད་ཡོད། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་10ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་དམག་འཐབ་གནས་ཚུལ་ཁྱབ་བསྒྲགས་བྱས་ནས། ཨུ་རུ་སུའི་དམག་དཔུང་གིས་ཉིན་དེར་གཏན་སྡོད་ས་ཚིགས་1ཚོད་འཛིན་བྱས་པ་དང་། ཡུག་རེན་དམག་དཔུང་གི་གློག་རྡུལ་དམག་འཐབ་ཀྱི་རྨང་གཞིའི་ས་ཚིགས་དང་རྫས་མདེལ་མཛོད། མི་མེད་གནམ་གྲུའི་བཟོ་གྲྭ་སོགས་དམིགས་འབེན་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་པ་རེད། ཨུ་རུ་སུའི་མཁའ་ཟོན་མ་ལག་གིས་ཡུག་རེན་དམག་གི་མེ་ཤུགས་འཕུར་མདེལ་དང་མཁའ་སྐྱོད་འབར་མདེལ། མི་མེད་གནམ་གྲུ་སོགས་བཀག་ཡོད་པ་རེད། ཉིན་དེར་ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་བཀོད་འདོམས་པུས་བརྡ་ཁྱབ་བཏང་སྟེ། སྤྱི་ཚེས་10ཉིན་གྱི་ཕྱི་དྲོའི་བར་ཡུག་རེན་དམག་དཔུང་གིས་གཡུལ་ས་མང་པོར་ཨུ་རུ་སུའི་དམག་དཔུང་དང་དམག་ཐབས་ཐེངས་བརྒྱ་ལྷག་ཙམ་བརྒྱབ་པ་དང་། དེའི་ནང་ཁུའུ་ལ་ཧུའོ་ཨོ་དང་པོ་ཁེ་ལུའོ་ཧྥུ་སི་ཁེ་སོགས་ཕྱོགས་ཀྱི་དམག་འཐབ་ནི་ཆེས་ཛ་དྲག་ཤོས་ཡིན། ཡུག་རེན་དམག་གིས་མུ་མཐུད་དེ་འགོག་སྲུང་འཛིང་རགས་བརྟན་སྲུང་བྱས་པ་མ་ཟད། ཨུ་རུ་སུའི་དམག་དཔུང་གིས་ཚུར་རྒོལ་མང་པོ་ཞིག་ཕྱིར་བསློགས་ཡོད་ཅེས་བཤད་པ་རེད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།