ལས་བསྐྱུར་ངལ་གསོ་མ་བྱས་ན་ཆོག་གམ།

文摘   2024-11-08 10:20   西藏  

ངལ་རྩོལ་གན་རྒྱའི་དུས་ཡུན་མ་ལོངས་ཚེ་ལས་བསྐྱུར་ངལ་གསོ་མ་བྱས་ན་ཆོག་གམ།


བློ་མཐུན་རྩོམ་སྒྲིག་པ་ལགས།

ངས་བྱ་བ་སྒྲུབ་སའི་ལས་ཁུངས་དེ་ཡིས་ལས་བཟོ་པ་གླས་མར་ངལ་རྩོལ་གན་རྒྱ་འཇོག་པའི་ལམ་ལུགས་ལག་ཏུ་བསྟར་བ་ནས་བཟུང་། ལོ་གསུམ་རེའི་ནང་ཐེངས་གཅིག་ལ་ངལ་རྩོལ་གན་རྒྱ་འཇོག་དགོས་ཤིང་། 2021ལོའི་ཟླ9པར། ལོ48ལོན་པའི་ངས་མུ་མཐུད་དུ་ལས་ཁུངས་ལ་ལོ་གསུམ་གྱི་ངལ་རྩོལ་གན་རྒྱ་བཞག 2023ལོའི་ཟླ10པར། རང་ལོ50ལོན་པའི་ང་ལ་ལས་ཁུངས་ཀྱིས་བརྡ་བཏང་ནས་ལས་བསྐྱུར་ངལ་གསོའི་འགྲོ་ལུགས་བསྒྲུབས་ཏེ་ལས་རྐང་གི་བྱ་བ་མཚམས་འཇོག་དགོས་ཟེར་ཡང་། ངས་ལས་ཁུངས་ལ་ལས་བསྐྱུར་ངལ་གསོའི་འགྲོ་ལུགས་བསྒྲུབ་རྒྱུ་དང་ལེན་གཏན་ནས་མ་བྱས། རྒྱུ་མཚན་ནི་རང་ཉིད་ཀྱིས་ལས་ཁུངས་ལ་བཞག་པའི་ངལ་རྩོལ་གན་རྒྱའི་དུས་ཡུན་ལོངས་མེད་པས་ཡིན་ལ། འདི་ལྟར་ལས་བསྐྱུར་ངལ་གསོ་བྱེད་དུ་བཅུག་ན་ལས་བཟོ་པའི་རྒྱུན་ལྡན་འཚོ་བར་བར་ཆད་མི་དམན་པ་ཞིག་བཟོ་ངེས་བསམས། གལ་ཏེ་ལས་ཁུངས་ཀྱིས་ང་རང་གན་རྒྱའི་དུས་ཡུན་མ་ལོངས་སྔོན་དུ་ལས་བསྐྱུར་ངལ་གསོ་བྱེད་དུ་བཅུག་ན། བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པར་མ་ཟད་ལས་ཞུགས་དུས་ཡུན་གྱི་སྐྱིན་ཚབ་ཀྱང་གཞལ་དགོས་པར་སྙམ། ཡིན་ན་ཡང་ལས་ཁུངས་ཀྱི་གནས་ལུགས་ལྟར་ན། ང་ལོ50ལ་ཐོན་ཡོད་པས་ཁྲིམས་བཀོད་ཀྱི་ལས་བསྐྱུར་ངལ་གསོའི་ལོ་ཚད་ལ་ཐོན་ཡོད་པར་མ་ཟད། ཁྲིམས་བཀོད་ཀྱི་གོ་རིམ་ལྟར་ལས་བསྐྱུར་ངལ་གསོའི་འགྲོ་ལུགས་བསྒྲུབས་ཏེ་རྒན་གསོའི་དངུལ་ལེན་དགོས་པར་བཤད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངལ་རྩོལ་གན་རྒྱའི་དུས་ཡུན་མ་ལོངས་ཚེ་ལས་བསྐྱུར་ངལ་གསོ་མ་བྱས་ན་ཆོག་གམ།

ཞེས་རིན་ཆེན་གྱིས།

བློ་མཐུན་རིན་ཆེན་ལགས།

ལས་བཟོ་པའི་ལས་བསྐྱུར་ངལ་གསོའི་ལོ་ཚོད་ལ་ཐོན་ན། ཕྱོགས་གཉིས་ཀྱིས་བཞག་པའི་ངལ་རྩོལ་གན་རྒྱའི་དུས་ཡུན་ད་དུང་ལོངས་མེད་ནའང་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ལས་བཟོ་པར་ལས་མཚམས་འཇོག་ཏུ་བཅུག་ཆོག་ལ། དེ་ནི་ཡང་དག་པའི་སྒོ་ནས་བཤད་ན་ངལ་རྩོལ་གན་རྒྱ་མཚམས་བཞག་ཟིན་པར་གོ རང་རྒྱལ་གྱི《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན44པའི་ཚན་པ2པའི་གཏན་འཁེལ་ལྟར། “ངལ་རྩོལ་པས་ཁྲིམས་ལྟར་གཞི་རྩའི་རྒན་གསོའི་ཉེན་སྲུང་ཐོབ་ཐང་ལོངས་སུ་སྤྱོད་མགོ་ཚུགས་ན། ངལ་རྩོལ་གན་རྒྱ་མཚམས་བཞག་པར་གོ”ཞེས་བཀོད་ཡོད། དེ་བས་གྱོད་དོན་འདིའི་ཁྲོད་དུ། ཁྱོད་ཀྱིས་རང་ཉིད་ལོ50ལ་ཐོན་ཡོད་ཀྱང་མི་ཤུགས་བཀོལ་སྤྱོད་ལས་ཁུངས་དང་བཞག་པའི་ངལ་རྩོལ་གན་རྒྱའི་དུས་ཡུན་མ་ལོངས་པར་ལས་མཚམས་འཇོག་ཏུ་འཇུག་པ་ནི་ཁྲིམས་འགལ་ཡིན་པར་འདོད་པ་ནི། བཅའ་ཁྲིམས་ལ་གོ་བ་ལེན་ནོར་བྱུང་བ་ཡིན།

རྒྱལ་ཁབ་ཀྱི་ཁྲིམས་བཀོད་ཁེ་ལས་ལས་བཟོ་པའི་ལས་བསྐྱུར་ངལ་གསོའི་ལོ་ཚོད་ནི། ཕོ་ཡིན་ན་རང་ལོ60དང་མོ་ཡིན་ན་རང་ལོ50ཡིན་ཞིང་། ལས་བྱེད་པ་མོ་ཡིན་ན་རང་ལོ55བཅས་ཡིན། དོང་ཞབས་དང་མཐོ་ས། ཚ་བ་ཆེ་ས། ལྗིད་རྫོབ་ཆེ་བའི་ལུས་ཤུགས་ངལ་རྩོལ་ལམ་ལུས་ཕུང་བདེ་ཐང་ལ་གནོད་པ་ཡོད་པའི་ལས་ཀ་གཉེར་བའི་རིགས་ལ། ལས་བསྐྱུར་ངལ་གསོའི་ལོ་ཚོད་ནི་ཕོ་ལོ55དང་མོ་ལོ45བར་ཡིན། ན་ཚའམ་བྱ་བའི་ཆེད་དུ་མ་ཡིན་པར་དབང་པོ་སྐྱོན་ཅན་དུ་གྱུར་ན། སྨན་ཁང་གི་འབྲེལ་ཡོད་བདེན་དཔང་དང་ངལ་རྩོལ་གསལ་འབྱེད་ཨུ་ཡོན་ལྷན་ཚོགས་ཀྱིས་ངལ་རྩོལ་ནུས་པ་ཡོངས་སུ་ཤོར་བའི་ངོས་འཛིན་བྱས་ཡོད་ན། ལས་བསྐྱུར་ངལ་གསོའི་ལོ་ཚོད་ནི་ཕོ་ལོ50དང་མོ་ལོ45ཡིན། ངལ་རྩོལ་པ་ལས་བསྐྱུར་ངལ་གསོའི་ལོ་ཚད་ལ་སླེབས་པ་དང་། རྒན་གསོའི་ཉེན་སྲུང་ལེན་མགོ་བརྩམས་རྗེས་དེ་སྔའི་ངལ་རྩོལ་གན་རྒྱ་མཚམས་འཇོག་དགོས། དེར་བརྟེན། ངལ་རྩོལ་པས་ཁྲིམས་ལྟར་རྒན་གསོའི་ཉེན་སྲུང་ཐོབ་ཐང་ལོངས་སུ་སྤྱད་རྗེས།ངལ་རྩོལ་གན་རྒྱ་རང་འགུལ་གྱིས་མཚམས་བཞག་པར་གོ གོང་གསལ་གྱི་ལས་བསྐྱུར་ངལ་གསོའི་ལོ་ཚད་ནི་ཁྱེད་ཀྱི་དྲི་བའི་དོན་དངོས་ལྟར2023ལོར་ལག་བསྟར་བྱེད་པའི་གཏན་འཁེལ་གཞིར་བཟུང་བ་ཡིན་ལ།ད་ལྟ་ནི2024ལོའི་གསར་དུ་གཏན་ཕབ་བྱས་པའི་ལས་བསྐྱུར་ངལ་གསོའི་ལོ་ཚད་གཞིར་འཛིན་དགོས།

ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章