ཚོགས་འདུ་གཉིས་ཀྱི་ཏང་ཡོན་ལས་བྱེད་པར་བཏོན་པའི་བླང་བྱ།

民生   2025-01-19 13:28   西藏  

欢迎提供新闻线索:lztvxwb@qq.com

     ཟླ་1ཚེས་17ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ནི་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་ཡོང་བར་བྱས་ནས། ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱེད་པ་དང་། ཏང་ཡོན་འཐུས་མི་དང་ཨུ་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཚོགས་འདུ་གཉིས་མཐུན་སྒྲིལ་དང་། རྒྱལ་ཁ། དམངས་གཙོ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་ཧུར་ཐག་འཚོགས་ནས་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།


    ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

    
    ཝང་ཅུན་ཀྲེང་གིས་གསུངས་དོན། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད། བོད་ཀྱང་རྒྱལ་ཡོངས་དང་མཉམ་དུ་འཕོ་འགྱུར་གཏིང་ཟབ་འགྲོ་བཞིན་ཡོད། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་པ་མངོན་པ་དང་། སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་དེ་བས་བརྟན་དུ་སོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ། དམངས་འཚོ་འགན་ལེན་ཏན་ཏིག་དང་ནུས་ལྡན་བྱུང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཡོད། 

ཚོགས་ར།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”ཀྱི་མཇུག་བསྡུའི་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཡག་པོ་འཚོག་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཡོན་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་བརྟན་པོ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། རྒྱུན་སྲིང་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་གཉིས་ཁོང་དུ་ཆུད་པར་འབད་བརྩོན་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱས་ནས་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གང་དུ་བྱས་ཚེ་འཐུས་མི་དང་ཨུ་ཡོན་གྱི་སྟོབས་ཤུགས་དེ་གར་གཅིག་སྡུད་དང་ནུས་པ་དེ་གར་འདོན་ཐུབ་པར་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཚོགས་འདུ་གཉིས་ཡག་པོ་འཚོགས་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱ་རྒྱུར་སྣེ་ཁྲིད་བྱེད་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རང་ངོས་ཀྱི་ལས་ཀའི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་སྨིན་འཚོལ་བ། འཐུས་མི་དང་ཨུ་ཡོན་ཡོངས་ལ་མཐུན་སྒྲིལ་སྐུལ་ཁྲིད་བྱས་ནས་གདེང་ཚོད་བརྟན་གཏོང་དང་ངར་ཤུགས་གཅིག་སྒྲིམ་བྱེད་པ། བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་གཅིག་གྱུར་ཡོང་བར་བྱེད་པ། འབད་བརྩོན་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་འཐུས་མི་དང་ཨུ་ཡོན་གྱི་དབང་ཆ་ལག་བསྟར་ཡག་པོ་བྱེད་པ་དང་། སྙན་སྒྲོན་ཁག་ལ་གྲོས་ཞིབ་དང་གྲོས་བསྡུར་ནན་པོ་བྱེད་པ། ལས་དོན་ཁག་ཡག་པོ་བསྒྲུབ་པ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གདིང་རྩའི་གནད་དོན་ལ་དམིགས་ནས་བློ་གྲོས་ལྡན་པའི་གྲོས་འགོ་མང་ཙམ་འདོན་པ་དང་། དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདོན་པ། དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་ཙམ་འདོན་པ་བཅས་བྱས་ཏེ་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་བསྐྱར་དར་གྱི་ཕུགས་འདུན་རླབས་པོ་ཆེ་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་ཐོག་གཅིག་སྡུད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཚོགས་འདུའི་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་ཡོང་བ་འགན་ལེན་བྱས་ཏེ། ཏང་གི་འགོ་ཁྲིད་ཚོགས་འདུ་གཉིས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་ལ་འཇོག་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། ཚོགས་འདུའི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ནན་པོ་ཞུ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་ལག་ལེན་ནན་པོ་བསྟར་བ་བཅས་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་གཟུགས་བརྙན་བཟང་པོ་གཏོད་དགོས། 

来 源:西藏日报藏文媒体

编 辑(初审):尼玛普赤

复 审:顿珠、巴 洛

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章