࿑ ལེགས་བཤད་དགའ་ཚལ་གླིང་གི་འཕྲིན་སྟེགས་ནི་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས། ཁ་འདོན་དང་དགེ་སྐུལ། འཚོ་བའི་རྒྱུན་ཤེས། གསར་འགྱུར། ཆོས་ཁྲིད་སོགས་བརྩམས་ཆོས་སྣ་མང་ཞིག་སྤེལ་བཞིན་ཡོད་པས་ཀློག་པ་པོ་ཡོངས་ཀྱིས་རྒྱབ་སྐྱོར་གྱི་ཚུལ་དུ་རང་གི་ཡིད་ལ་འཐད་པའི་བརྩམས་ཆོས་དག་གཞན་ལ་ངོ་སྤྲོད་དམ་བརྒྱུད་སྤེལ་རེ་གནང་བར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
དེ་ཡང་ད་ལྟའི་དུས་འདིར་ཤར་ཕྱོགས་ཀྱི་རྒྱལ་ཁབ་དང་སྐྱེ་འགྲོ་མང་པོ་ཞིག་དང་། ཁྱད་པར་རང་རེ་ཡུལ་གངས་ཅན་གྱི་མཁས་པར་རློམ་པ་མང་པོ་ཞིག་གིས་རང་རེའི་རིག་གནས་དང་གོམས་གཤིས་ཐམས་ཅད་ནུབ་ཕྱོགས་པའི་རིག་གནས་དང་བསྟུན་ཅི་ཐུབ་བྱེད་པ་དང་། ནུབ་ཕྱོགས་པ་ནི་རང་རེའི་ཡོད་ཚད་ལ་བརྡར་ཤ་གཅོད་བྱེད་ཀྱི་ཚད་ཤིང་ལྟ་བུ་ཞིག་ཏུ་ངོས་འཛིན་པར་བྱེད་དོ།།
མ་ཟད་གལ་ཏེ་གོམས་སྲོལ་གང་ཞིག་དང་རིག་གནས་གང་ཞིག་ནུབ་ཕྱོགས་ཀྱི་རིག་གནས་དང་མི་མཐུན་པའམ་དེ་ལས་འདའ་ན་རྙིང་ཉེན་དང་བག་འཁུམས་སོགས་སུ་སྒྲོག་པར་བྱེད་དོ།། སྣང་ཚུལ་འདི་ལྟ་བུ་རྒྱུན་ཆགས་སུ་འབྱུང་བཞིན་པའི་སྐབས་འདིར་རྨོངས་པ་བདག་གི་རྟོག་ངོར་བཅོས་མིན་གྱི་དོགས་འདྲི་ཞིག་ནམ་ཡང་ཚ་ལྷང་ལྷང་དུ་སླེབས་ཡོང་བ་ནི་འདི་ལྟ་སྟེ། ནུབ་ཕྱོགས་པ་ནི་ཡོད་ཚད་ཀྱི་ཚད་ཤིང་ཡིན་ནམ་ཞེས་པ་དེའོ།།
དེ་ཡང་ད་ལྟའི་གླགས་འདིར་རང་རེའི་རིག་གནས་ཀྱིས་ནུབ་ཕྱོགས་ཀྱི་རིག་གནས་དང་གདོང་གཏུག་བརྒྱབ་ཅིང་དེ་ལ་ཡ་ལན་དང་ཚུར་སྣང་འཁྲུག་ཆ་དོད་པོར་བྱུང་ཡོད་ཅེས་སྨྲ་ཆོག་ལ། དེ་ལྟར་བྱུང་བ་ཡང་འཛམ་གླིང་སྤྱིའི་སྤྱི འགྲོས་ཤིག་ཏུ་འཁུམས། འོན་ཏེ། ད་དུང་སྣང་ཚུལ་གཞན་ཞིག་ཡོད་པ་ནི། རང་རེ་མང་པོ་ཞིག་ནུབ་ཕྱོགས་པའི་རིག་གནས་ལ་ལེགས་ཉེས་དང་བརྟག་དཔྱད་གང་ཡང་མེད་པར་ཚུར་ལེན་རྐྱང་བྱེད་མཁན་ཆགས་ཡོད་པ་དང་། ནུབ་ཕྱོགས་པའི་རིག་གནས་ནི་རང་རེའི་རིག་གནས་ལ་བརྡར་ཤ་གཅོད་བྱེད་ཀྱི་ཚད་ཤིང་ཞིག་ཏུ་ཡང་འཇོག་པར་བྱེད་དོ།།
སྣང་ཚུལ་དེ་ལྟ་བུའི་འོག་རིམ་གྱིས་རང་གི་རིག་གནས་ཀྱི་རང་ཚུགས་ཤོར་བ་དང་ཐ་ན་རིམ་བཞིན་ཉམས་བརླག་ཏུ་ཕྱིན་སོང་བའི་སྣང་བརྙན་ཡང་ཤར་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་མཐོང་ཏུ་ཡོད་པ་བཞིན་ནོ།།སྤྱིར་འཁྲུགས་ཆེན་གཉིས་པའི་སྐབས་སུ་ནུབ་ཕྱོགས་པར་རྒྱལ་ཁ་ཐོབ་པའི་རྐྱེན་གྱིས། རིམ་བཞིན་ཁོང་ཚོར་སྟོབས་ཤུགས་འཕེལ་ཏེ། འཛམ་བུ་གླིང་འདི་རིམ་བཞིན་ཁོང་ཅག་གི་རིག་གནས་ཀྱིས་ཡུག་གཅིག་ཏུ་བསྡམས་ཞེས་གཞན་དག་འཆད་དོ།།
དེས་ན་ད་ལྟའི་སྣང་ཚུལ་འདི་ག་ཡང་འབྱུང་མི་འོས་པ་ཞིག་བྱུང་བ་མ་ཡིན་མོད་ཀྱི། ཡིན་ཡང་རང་རེས་རང་གི་རིག་གནས་ཀྱི་རྒྱ་མའམ་ཚད་ཤིང་དུ་ནུབ་ཕྱོགས་པའི་རིག་གནས་འཇོག་པ་ནི་དགོད་ཅིང་བྲོ་ལ་ངུ་ཡང་བྲོ་བ་ཞིག་ཏུ་མཐོང་སྟེ་བྱ་ཐབས་ཟད། ང་ཚོ་ལ་རང་རྐྱ་ཐུབ་པའི་རིག་གནས་ཤིག་ཡོད་པ་ནི་དོགས་པ་གང་ཡང་མི་དགོས་པའི་གནས་སུ་ཡོད་མོད་ཀྱི། ཡིན་ཡང་རང་རེ་མང་པོ་ཞིག་ནམ་ཡང་ནུབ་ཕྱོགས་རིག་གནས་ཀྱི་མདུན་དུ་མགོ་སྒུར་གཉའ་ཞུམ་པའི་སྣང་ཚུལ་ནི་མང་དུ་མཐོང་། དེས་ན། དངོས་གནས་ནུབ་ཕྱོགས་པའི་རིག་གནས་ནི་ཡོད་ཚད་ཀྱི་ཚད་ཤིང་ཡིན་ནམ། ཁོང་ཅག་དང་མི་མཐུན་པ་དག་འདོར་བྱ་འབའ་ཞིག་ཡིན་ནམ།
དུས་མེ་རུ་འབོད་པས་སྦྱར།