࿑ ལེགས་བཤད་དགའ་ཚལ་གླིང་གི་འཕྲིན་སྟེགས་ནི་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས། ཁ་འདོན་དང་དགེ་སྐུལ། འཚོ་བའི་རྒྱུན་ཤེས། གསར་འགྱུར། ཆོས་ཁྲིད་སོགས་བརྩམས་ཆོས་སྣ་མང་ཞིག་སྤེལ་བཞིན་ཡོད་པས་ཀློག་པ་པོ་ཡོངས་ཀྱིས་རྒྱབ་སྐྱོར་གྱི་ཚུལ་དུ་རང་གི་ཡིད་ལ་འཐད་པའི་བརྩམས་ཆོས་དག་གཞན་ལ་ངོ་སྤྲོད་དམ་བརྒྱུད་སྤེལ་རེ་གནང་བར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
ས་གནས་དེ་གའི་དུས་ཚོད་ཚེས་6ཉིན་གྱི་ཐོ་རེངས་སུ། ཨ་རིའི་སྤྱི་མཐུན་ཏང་གི་ཙུང་ཐུང་གི་འོས་མི། ཙུང་ཐུང་ཟུར་པ་ཐེ་རོན་ཕུས་ཧྥོ་ལུའོ་ལི་ཏ་མངའ་སྡེའི་ཏ་ལའི་གྲམ་ཐང་གྲོས་ཚོགས་ལྟེ་གནས་སུ་གཏམ་བཤད་སྤེལ་ཏེ། 2024ལོའི་ཙུང་ཐུང་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་ཡོད།
《རྒྱལ་ཚོགས་རི་བོའི་ཚགས་པར》དང་ཨ་རིའི་ཧྥུའུ་ཁོ་སི་གསར་འགྱུར་དྲ་བ་སོགས་ཨ་རིའི་སྨྱན་སྦྱོར་མང་པོ་ཞིག་གིས་ཁྱབ་བསྒྲགས་བྱས་པའི་ཚོད་རྩིས་གསར་ཤོས་ལ་གཞིགས་ན། ཐེ་རོན་ཕུར་འདེམས་བསྐོའི་འདེམས་ཤོག་ཕྱེད་ཀ་ལས་བརྒལ་བ་ཐོབ་ཡོད་པས། སྔོན་དཔག་བྱས་ན་ད་ཐེངས་ཀྱི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་རྒྱལ་ཁ་ཐོབ་རྒྱུ་ངེས་གཏན་ཡིན་པ་རེད། འོན་ཀྱང་ཨ་རིའི་གཙོ་རྒྱུན་སྨྱན་སྦྱོར་གཞན་དག་གིས་ད་དུང་གནས་ཚུལ་དེ་རིགས་སྤེལ་མེད། མིག་སྔར་ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེན་མོའི་འདེམས་ཤོག་རྩིས་རྒྱག་བཞིན་ཡོད།
གཞན་ཡང་ཨ་རིའི་དམངས་གཙོ་ཏང་གི་ཙུང་ཐུང་གི་འོས་མི། ཙུང་ཐུང་གཞོན་པ་ཧ་ལི་སིའི་འགྲན་འདེམས་ཚོགས་པའི་ཕྱོགས་ཀྱིས། ཧ་ལི་སིས་གནས་སྐབས་རྒྱབ་སྐྱོར་བྱེད་མཁན་ལ་གཏམ་བཤད་གནང་རྒྱུ་མིན་པར། “སང་ཉིན་གཏམ་བཤད་གནང་རྒྱུ་རེད”ཅེས་བརྗོད་ཡོད།
ཨ་རིའི་ཙུང་ཐུང་འདེམས་བསྐོ་ནི་འདེམས་བསྐོ་བའི་ཚོགས་པའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པས། མངའ་སྡེ་50ལ་མི་འབོར་གྱི་བསྡུར་ཚད་ལྟར་འདེམས་བསྐོའི་འདེམས་ཤོག་བགོ་བཤའ་རྒྱག་གི་ཡོད་པ་དང་། འདེམས་བསྐོ་བའི་འདེམས་ཤོག་538ཀྱི་ཁྲོད་ནས་ཉུང་མཐར་ཡང་འདེམས་ཤོག་270ཐོབ་ཚེ་རྒྱལ་ཁ་ཐོབ་པ་རེད།
རང་རྒྱལ་གྱི་ཕྱི་འབྲེལ་པུས། ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་འཛིན་པའི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ཅེས་བསྟན།
ཚེས་6ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཡོད། གསར་འགོད་པས་2024ལོའི་ཨ་རིའི་འདེམས་བསྐོ་ཆེན་མོའི་མཇུག་འབྲས་ཀྱིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཀྲུང་ཨའི་འབྲེལ་བར་ཤུགས་རྐྱེན་ཐེབས་མིན་ཐད་མགྲིན་ཚབ་པར་དྲི་བ་བཏོན་ཡོད།
མའོ་ཉིང་གིས། ང་ཚོས་ཨ་རིར་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད། ང་ཚོས་མུ་མཐུད་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གཞིར་བཟུང་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།