བླ་མ་རྒྱང་འབོད་མགུར།

文化   2024-07-03 21:44   中国  

བླ་མ་རྒྱང་འབོད་བཞུགས་སོ།།

༄༅། ། ན་མོ་གུ་རུ་བཛྲ་དྷ་ར་ཡེ། །

དད་པས་ཀུན་ནས་སློང་ཞིང་སྐད་སྙན་སོགས་འཇིག་རྟེན་ཆོས་ཀྱིས་མ་བསླད་པར་ཅི་མཛད་ཁྱེད་ཤེས་ཀྱི་སྒོ་ནས་ཀུན་འདུས་བླ་མའི་ལྷ་ཚོགས་སྒོམ་ཞིང་གསོལ་བ་འདེབས་པ་ནི། བླ་མ་མཁྱེན་ནོ། ཞེས་ལན་མང་བརྗོད་མཐར། དྲིན་ཆེན་རྩ་བའི་བླ་མ། །བླ་མ་རྡོ་རྗེ་འཆང་མཁྱེན་ནོ། ། དྲིན་ཆེན་༴ བླ་མ་ཏི་ལོ་པ་༴ དྲིན་ཆེན་༴ བླ་མ་ནཱ་རོ་པ༴ དྲིན་ཆེན་༴ བླ་མ་ལྷོ་བྲག་པ༴ དྲིན་ཆེན་༴ བླ་མ་གུང་ཐང་པ༴ དྲིན་ཆེན༴ བླ་མ་སྒམ་པོ་པ༴ དྲིན་ཆེན༴ བླ་མའི་ལྷ་ཚོགས་རྣམས་༴ དྲིན་ཆེན་རྩ་བའི་བླ་མ་" བླ་མ་པདྨའི་མཚན་" དྲིན་ཆེན་" བླ་མ་བདེ་ཆེན་རྡོ་རྗེ་" དྲིན་ཆེན་" བླ་མ་མཆོག་གསལ་ཁྱེད་" དྲིན་ཆེན་'བླ་མ་ཨོ་རྒྱན་བསྟན་འཛིན་" དྲིན་ཆེན་" བླ་མ་བཀའ་དྲིན་ཅན་མཁྱེན་ནོ། །

ཞིང་ཁམས་རབ་འབྱམས་རྒྱ་མཚོ་སྒྱུ་མའི་རྣམ་ཐར་ལ་སྤྱོད་པའི། །

སྙིང་རྗེས་འགྲོ་ཀུན་འདྲེན་པའི་དྲིན་ཆེན་བླ་མ་རྣམས་མཁྱེན་ནོ། །

རྒྱལ་བ་བུ་རམ་ཤིང་པའི་བསྟན་པའི་ལམ་བཟང་ལ་ཞུགས་པའི། །

དགག་དགོས་བསླབ་པ་མཚུངས་པའི༴

ཐེག་མཆོག་གཅིག་ཆར་ལམ་གྱིས་ཚེ་གཅིག་སངས་རྒྱས་ཕེབས་པའི། །

ཕྱག་རྫོགས་དབུ་མར་སྤྱོད་པའི་དྲིན་ཆེན༴

ཚོགས་བསགས་བསྐལ་མང་མི་འགྱངས་བཙན་ཐབས་སྡིག་སྒྲིབ་ཀྱི་ཕྱག་ཤིང་། །

སྒྲིབ་པའི་མུན་ཞྭ་ཕུད་པའི་དྲིན་ཆེན༴

བུམ་པ་མགོ་ལ་གྱོན་པའི་རྫས་དབང་ཐུན་མོང་ཙམ་མིན་པའི། །

ཟབ་མོའི་བརྡ་དབང་བསྐུར་བའི་དྲིན་ཆེན༴

ཚིག་བཤད་སྐྱར་ཟློས་མ་ཡིན་མངོན་སུམ་དོན་བརྒྱུད་ཀྱི་བསྟན་པ། །

རྡོ་རྗེའི་ཡེ་ཤེས་སྟོན་པའི་དྲིན་ཆེན་བླ་མ་རྣམས༴

མོས་གུས་ཕྱག་རྒྱ་ཆེན་པོས་དད་པའི་པདྨོ་ཞིག་བཞད་ན། །

སྙིང་རྗེ་ཕྱག་རྒྱ་ཆེན་པོས་ཐུགས་རྗེའི་ཉི་མ་ཡིས་གཟིགས་ཤིག །

བདེ་སྟོང་ཕྱག་རྒྱ་ཆེན་པོས་བླ་མའི་རྣམ་ཐར་ལ་ཕྱོགས་པས། །

གནས་ལུགས་ཕྱག་རྒྱ་ཆེན་པོའི་སྒོམ་མེད་རྒྱལ་ས་ལ་དྲོངས་མཛོད། །

ལྷུན་གྲུབ་ཕྱག་རྒྱ་ཆེན་པོར་གྲུབ་པའི་བླ་མ་དེ་བསྒྲུབས་ན། །

འཕྲིན་ལས་ཕྱག་རྒྱ་ཆེན་པོས་འགྲོ་དོན་ཀུན་ཁྱབ་དེ་བརྟེན་འབྱུང་། །

སྤངས་རྟོགས་ཡོན་ཏན་ཡར་ངོའི་ཟླ་ཚེས་གོང་འཕེལ་དུ་འགྱུར་བའི། །

བཤད་སྒྲུབ་སྣང་བ་དཀར་པོ་འགྱུར་མེད་མཐའ་རྒྱས་སུ་སྨོན་ནོ།།

ཞེས་པ་དེའང་རྗེ་བླ་མ་པད་དགའི་གསུང་སྐྱེས་ཟུར་བན་ཀརྨ་མཆོག་གསལ་གྱིས་རྩེ་གཅིག་གུས་པས་བརྗོད་པ་ལགས་སོ། དགེ་ལེགས་འཕེལ་བར་ཤོག། །།

Jamtse
བྱམས་བརྩེ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།🙏不丹音乐公众平台