གླུ་མ་ནམ་མཁའ་ལྷ་མོ།
1
༄༅། །མཁན་ཆེན་དམ་པ་འཇམ་དབྱངས་གྲུབ་པའི་བློ་གྲོས་ཀྱི་གསོལ་འདེབས་འདོད་རྒུའི་དཔལ་སྩོལ།
རིག་འཛིན་མ་ཚོགས་བྱེ་བའི་སྤྲིན་ཕུང་དབུས། །འཕོ་ཆེན་གཉུག་མ་རྡོ་རྗེའི་སྐུར་བཞེངས་པའི། །ཉམ་ཐག་འགྲོ་བའི་སྐྱབས་གཅིག་པདྨ་འབྱུང་། །དོན་བརྒྱུད་རྟོགས་པ་བརྙེས་པའི་དངོས་གྲུབ་སྩོལ། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་ཞིང་ས་རུ། །སྨིན་གྲོལ་བདུད་རྩིའི་ཆོས་ཆར་འབེབས་མཁས་པ། །མཚུངས་མེད་བླ་མས་དུས་ཀུན་རྗེས་འཛིན་པར། །རྩ་གསུམ་དམ་ཅན་རྒྱ་མཚོར་གསོལ་བ་འདེབས། །
མདོ་སྔགས་གཞུང་བརྒྱའི་ཟབ་དོན་སེམས་ཀྱི་གསང་། །མངོན་སུམ་རྗེན་པར་སྟོན་པའི་བཀའ་དྲིན་ཅན། །སྡེ་གསུམ་ཀློང་དགུའི་མཛོད་འཛིན་བླ་མ་རྗེས། །ལས་ལྡན་བུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །དྲི་མེད་སྡོམ་ཁྲིམས་ནོར་བུའི་ལྗོན་བཟང་རྩེར། །བསྐྱེད་རྫོགས་ཏིང་འཛིན་འདབ་བརྒྱའི་མེ་ཏོག་བཞད། །ཐོས་བསམ་སྒོམ་པའི་ཡོན་ཏན་ཡོངས་རྫོགས་པའི། །བསླབ་གསུམ་རིན་ཆེན་མཛོད་ལ་གསོལ་བ་འདེབས། །
འཆད་པའི་ངག་ལ་ལེགས་བཤད་བྱིན་གཡང་ཆགས། །རྩོད་པའི་ཐུགས་ལ་རིགས་ལམ་བློ་གྲོས་རྒྱས། །བརྩམས་པའི་ཆོས་ལ་ལྟ་གྲུབ་གནད་གསང་རྫོགས། །ལྔ་རིག་སྨྲ་བའི་དབང་པོར་གསོལ་བ་འདེབས། །
རིག་སྟོང་ངེས་པ་དོན་གྱི་འཇ༵མ་པའི་དབྱང༵ས། །མངོན་སུམ་འོད་གསལ་གྲུབ༵་པ༵འི་བློ༵་གྲོས༵་རྒྱས། །གཟུང་འཛིན་འཁྲུལ་བ་ཞིག་པའི་རྣལ་འབྱོར་པ། །གསང་ཆེན་བསྟན་པའི་ཤིང་རྟར་གསོལ་བ་འདེབས། །
ལྔ་ཕྲག་སྙིགས་མའི་མུན་པའི་སྨག་ཁྲོད་འདིར། །རྒྱལ་བསྟན་མར་མེའི་འོད་མདངས་ཉག་ཕྲ་བས། །མདོ་སྔགས་ལེགས་བཤད་བྱེ་བའི་འབྱུང་གནས་ཆེ། །ཡོངས་རྫོགས་བསྟན་པའི་བདག་པོར་གསོལ་བ་འདེབས། །
བདེན་ཚིག་གྲུབ་པའི་ལྷ་དང་དྲང་སྲོང་དང་། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་མཐུ་ཡིས། །གསོལ་འདེབས་འགྲོ་ལ་དོན་འབྲས་མངོན་གྱུར་ནས། །མཚུངས་མེད་བླ་མས་ཐུགས་རྗེའི་རྗེས་བཟུང་ཞིང་། །མགོན་པོ་གང་གི་ཐུགས་རྗེའི་གདུགས་དཀར་འོག །དམ་ཆོས་བདུད་རྩིས་འཚོ་བའི་སྐལ་བཟང་འགྲོ། །ངེས་གསང་གདམས་པ་རྒྱ་མཚོའི་ཕ་ཕོག་གིས། །དོན་གཉིས་འདོད་པ་ཡིད་བཞིན་འགྲུབ་གྱུར་ཅིག །
ད་ནས་ཚེ་རབས་མེ་ཏོག་ཕྲེང་བ་རུ། །ཐེག་ཆེན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །བྱང་ཆུབ་སྤྱོད་པ་རྒྱ་མཚོར་སློབ་པ་ལ། །རྒྱལ་སྲས་རྟག་ཏུ་ངུ་དང་མཚུངས་པར་ཤོག །
ཅེས་པ་འདི་ནི་རྗེ་གང་གི་ཞབས་རྡུལ་སྤྱི་བོས་ལེན་པའི་སློབ་བུ་འཆི་མེད་རིག་འཛིན་གྱིས་སྔ་སོར་ཞབས་བརྟན་དུ་ཕུལ་བའི་སྨོན་ཚིག་ཉིད་རྗེ་བླ་མ་གང་གིས་དུས་ཀུན་ཐུགས་རྗེས་འཛིན་པའི་གསོལ་འདེབས་ཀྱི་ཚིག་ཏུ་བྱས་པའོ།།