མཉམ་འབྲེལ་རྒྱལ་ཚོགས།
ཨ་རིའི་ནེའུ་ཡོག་ཁུལ་གྱི་དུས་ཚོད་སྤྱི་ཟླ་བཅུ་པའི་ཚེས་ཉེར་བཞིའི་ཉིན་དང་ཉེར་ལྔ་ཉིན་ཏེ། ཉིན་གཉིས་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་འོངས་པའི་མཐོ་རིམ་གྲོས་ཚོགས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ཁང་དུ་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་འགན་འཛིན། དེ་བཞིན་རྒྱལ་སྤྱིའི་ཤེས་འཇོན་མི་སྣ་སོགས་མི་གྲངས་བརྒྱ་དང་སུམ་ཅུ་ལྷག་ཅིག་མཐོ་རིམ་གྲོས་ཚོགས་སུ་ཞུགས་པ་མ་ཟད། ལམ་ཚད་རྡོ་རིང་ལྟ་བུའི་གྲུབ་འབྲས་ཡིག་ཆ་《མ་འོངས་པའི་གན་རྒྱ》དང་དེའི་ཟུར་བཀོད་《འཛམ་གླིང་གི་གྲངས་གཞིའི་གན་རྒྱ་》སོགས་ཀྱི་གལ་ཆེན་གྱི་གྲུབ་འབྲས་བླངས་ཤིང་། དུས་མཚུངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་འོངས་པའི་མཐོ་རིམ་གྲོས་ཚོགས་ཀྱི་རྗེས་མཐུད་གྲོས་ཚོགས་དང་། སྐབས་བཅུ་དགུ་པའི་འཛམ་གླིང་ཡོངས་ཀྱི་མིའི་འཚོ་སྡོད་གླེང་སྟེགས་ཀྱི་ལོ་འཁོར་ཚོགས་འདུ་ཚོགས་ཤིང་། རྒྱལ་ཁབ་བཞི་བཅུ་ལྷག་ཙམ་གྱི་འཐུས་མི་བཞི་བརྒྱ་ལྷག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཚབ་ཆེན་མོ་ཉི་ཤུ་ཚོགས་འདུར་ཞུགས།
འདིར་བོད་ནས་ཕེབས་པའི་སྤྲུལ་སྐུ་རྒྱ་མཚོ་རིན་པོ་ཆེ་ཡང་ཚོགས་ཕེབས་གནང་བར་མ་ཟད་ཚོགས་ཐོག་ཏུ་གསུང་བཤད་བསྟུད་མར་གནང་། ཁོང་གིས་གངས་རིའི་ལྗོངས་ཀྱི་ཁོར་ཡུག་གི་རིན་ཐང་དང་། རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་སོགས་ནས་གཏམ་བཤད་དང་རེ་སྐུལ་གནང་བ་སྟེ། འཛམ་གླིང་གི་ཆེས་མཐོའི་གངས་རི་ཇོ་མོ་གླང་མ་བཞིན་བོད་ནི་འཛམ་གླིང་གི་ཡང་རྩེ་ན་གནས་ཤིང་། དེའི་སྣོད་བཅུད་ལ་གཏོར་སྐྱོན་ཐེབས་ཚེ་འཛམ་གླིང་ལ་གྱོང་གུད་ཚབས་ཆེན་ཐེབས་པར་ངོས་འཛིན་འོས་ཚུལ་དང་། ཡ་གླིང་གི་གཙང་པོ་ཀུན་གྱི་མགོ་ཁུངས་ལྟ་བུའང་ཡིན་པས་གོ་ལའི་གནམ་གཤིས་དྲོད་འགྱུར་གྱི་གནས་བབ་ཇེ་སྡུག་ནས་ཇེ་སྡུག་གི་སྐབས་འདིར་ཅིས་ཀྱང་ས་གནས་རིམ་པ་ནས་རྒྱལ་ཁབ་རིམ་པ། རྒྱལ་སྤྱིའི་རིམ་པ་བྱས་ཏེ་སྲུང་སྐྱོབ་གལ་ཆེ་ཚུལ་དང་། ཧི་མ་ལ་ཡར་འཛམ་གླིང་གི་ཡང་རྩེ་བླ་རི་ཇོ་མོ་གླིང་མ་ཡོད་པས། ཧི་མ་ལ་ཡའི་གངས་རི་ཡིས་མིའི་རིགས་ཀྱི་ལས་དབང་མཚོན་ཡོད་ལ། འཛམ་བུ་གླིང་གི་གནམ་གཤིས་ཀྱི་ཚད་གཞིའང་མཚོན་ཡོད།
གོ་ལའི་གླིང་སྣེ་གསུམ་པ་ནི་བོད་ལས་གཞན་ཞིག་མེད་པས་འདིའི་གངས་རི་དང་འཁྱགས་དར་ཞུ་སྟེ་རི་ཉུལ་བ་སོགས་ནི་ལོ་རེ་བཞིན་ཇེ་སྡུག་ཡིན་པ་སོགས་འཛམ་གླིང་གིས་ངེས་པར་དོ་སྣང་བྱེད་གལ་ཆེ་ཚུལ་དང་། ལོ་འདི་དག་གི་རིང་བལ་བོ་བརྒྱུད་དེ་ཇོ་མོ་བླ་རིའི་རྩེ་ལ་སྙེག་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་ཅིང་། རི་འཛེག་པའི་བྱེད་སྒོ་མང་དུ་འཕེལ་བས་སྙིགས་རོའི་འབག་བཙོག་གི་གནད་དོན་ཡང་ཚབས་ཇེ་ཆེར་བསྐྱེད། ལོ་རེར་སྙིགས་རོ་འབོར་ཆེན་རི་མགོར་དོར་བ་སྟེ། དཔེར་ན་རི་འཛེག་ལག་ཆ། རས་གུར། གད་སྙིགས། བཤང་གཅི་སོགས། སྙིགས་རོ་འདི་རིགས་ཀྱིས་བླ་རི་ཇོ་མོ་གླང་མའི་མཛེས་སྡུག་ལ་གནོད་པ་མ་ཟད། ཇོ་མོ་གླང་མའི་སྐྱེ་ཁམས་ཁོར་ཡུག་ལའང་ཤུགས་རྐྱེན་ཚབས་ཆེན་ཐེབས། དཔེར་ན་མཁའ་དབུགས་འབག་བཙོག ཆུ་དང་ས་རྒྱུ་ལ་འབག་བཙོག རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་གནོད་འཚེ་ཐེབས་པ་སོགས་ནན་གསུང་གནང་བ་དང་། གལ་ཏེ་བླ་རི་ཇོ་མོ་གླང་མ་གཙོར་བྱས་ཀྱི་བོད་ཀྱི་སྐྱེ་ཁམས་ལ་འབག་བཙོག་ཐེབས་ཚེ། བདེ་ཐང་མིན་པའི་ཆུའི་ཐོན་ཁུངས་གིས་མི་དུང་ཕྱུར་༤༠ལྷག་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཚབས་ཆེན་རང་བཞིན་གླེང་།
གཞན་ཡང་ད་ལྟ་འཛམ་གླིང་གི་དམག་འཁྲུག་གི་ཛ་དྲག་གི་གནས་བབ་སོགས་ལ་འཛམ་གླིང་གི་སྲིད་འབྱོར་རིག་གསུམ་གྱི་དཀྱིལ་སྙིང་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་དང་། འདིར་བཞུགས་དབུ་ཁྲིད་རྣམས་ཀྱི་ལྷག་བསམ་དང་བློ་ཁོག་ལ་དངོས་ཤུགས་བརྒྱུད་ནས་འབྲེལ་བ་ལྟ་བུ་ཡིན་པས། འགྲོ་བ་མིའི་རིགས་ཀྱི་ལས་དབང་དང་སྐྱིད་སྡུག་གཅིག་ལ་འབྲེལ་ཕྱིར་ས་སྒང་གི་གྲོང་ཚོ་འདིའི་གཙོ་འཛིན་ཁྱེད་ཅག་གིས་གཟིགས་རྒྱང་རིང་ཞིང་ཡང་དག་པའི་སྣེ་ཁྲིད་གནང་གལ་ཆེ་ཚུལ་དང་། འཛམ་གླིང་ཞི་བདེའི་རེ་འདུན་མངོན་འགྱུར་ནི་མ་འོངས་དབུ་ཁྲིད་ཚོའི་འགན་ཁུར་གཙོ་བོར་འཛིན་གལ་ཆེ་ཚུལ་སོགས་ལས་གསུངས་བཤད་སྔ་ཕྱིར་གནང་།
གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཟུར་པ་དང་མཐོ་རིམ་འཐུས་མི་ཨན་ཝར·ཆའོ་ཏུའུ་ལི་ལགས་ལ་དམིགས་བསལ་མཇལ་འཕྲད་བགྱིས་ཤིང་རིན་པོ་ཆེའི་སྒྱུ་རྩལ་བརྩམས་ཆོས༼ཀུན་རྫོགས་ཞི་བདེའི་འཁོར་ལོ།༽ཞེས་པ་དྲུང་ཆེ་མཆོག་ལ་ལེགས་སྐྱེས་སུ་ཕུལ་གནང་མཛད།
ན་ནིང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ཚོགས་ཆེན་སྐབས་ཉི་ཤུ་རྩ་བརྒྱད་པ(COP28)སྤྱི་ལོ་2023ལོའི་ཟླ11པར་ཨ་རབ་ཏི་པའེ་རྒྱལ་ཁབ་ཏུ་ཚོགས་སྐབས་ཀྱང་སྤྲུལ་སྐུ་རྒྱ་མཚོ་ལགས་ཚོགས་ཞུགས་བྱས་ཤིང་གསུང་བཤད་ཀྱང་གནང་ཡོད་འདུག ཁོང་ནི་ལོ་མང་རིང་རི་བོ་ཧི་མ་ལ་ཡའི་རིག་གཞུང་དར་སྤེལ་དང་། སྒྱུ་རྩལ་ཉམས་ཞིབ། ནང་ཆོས་ངོ་སྤྲོད། ཁོར་ཡུག་སྲུང་སྐྱོབ། སློབ་གསོའི་ལས་དོན་སོགས་ལ་ཕྱག་ལས་ཧུར་ཐག་གིས་གནང་བཞིན་པའི་རྒྱལ་སྤྱིའི་སྡིངས་ཆའི་སྒང་ནས་རི་བོ་ཧི་མ་ལ་ཡའི་སྣོད་བཅུད་ཀྱི་དར་རྒུད་གླེང་བའི་བླ་སྤྲུལ་ཤེས་འཇོན་གཉིས་ལྡན་གྱི་གྲས་ཤིག་ཡིན་ལ། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་འདིར་ཚོགས་ཞུགས་གྲུབ་རྗེས། ཨ་རིའི་མིང་དུ་གྲགས་པའི་སློབ་ཆེན་འགའ་ལའང་གཏམ་བཤད་དང་བགྲོ་གླེང་གནང་ཡོད།
ཧཱ་ཧྥོ་གཙུག་སློབ་གྲྭ་ཆེན་མོ།
ས་གནས་དེ་གའི་སྤྱི་ཟླ་བཅུ་པའི་ཚེས་ཉེར་དགུའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་ཕྱེད་སྟེང་། འཛམ་གླིང་གི་གཙུག་ལག་སློབ་ཆེན་ཨང་དང་པོ་སྟེ། ཨ་རིའི་སྲིད་འཛིན་བརྒྱད་གཙོར་བྱས་པའི་རྒྱལ་སྤྱིའི་ཕུལ་བྱུང་མི་སྣ་གྲངས་མེད་ཅིག་གསོ་སྐྱོང་གནང་བའི་རྒྱལ་སྤྱིའི་ཆེས་ཁྱད་འཕགས་ཀྱི་སློབ་གླིང་། ཧཱ་ཧྥོ་གཙུག་སློབ་གྲྭ་ཆེན་མོ་(Harvard university哈佛大学)རུ་ཁོང་གིས། རི་བོ་ཧི་མ་ལ་ཡའི་རིག་གནས་དང་། ནང་བསྟན་གྱི་ཤེས་རབ་དང་དཀྱེལ་ཡངས་རང་བཞིན་གསུངས་ཤིང་དམིགས་བསལ། རིག་གནས་དེའི་ཐུ་འོག་ནས་བུད་མེད་ཀྱི་གོ་གནས་དང་ནུས་པ་སོགས་རྒྱལ་ཁབ་གཞན་དག་འགའ་རེ་དང་ཁྱད་པར་ཤིན་ཏུ་ཆེ་ཚུལ་དང་། དུས་ཚོད་ཀྱི་འཕོ་འགྱུར་རིང་པོ་སྟེ། ལོ་ངོ་1300ཡི་རིང་ལ་བོད་ཀྱི་བུད་མེད་ཀྱི་གོ་གནས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་སྤྱི་ཚོགས་དང་། ཁྱིམ་ཚང་། དཔལ་འབྱོར་འཚོ་བ་བཅས་ཀྱི་ཁྲོད་ཁོང་ཚོས་གནས་བབ་གལ་ཆེན་བཟུང་ཡོད་ཚུལ་དང་། རྒྱལ་ཁབ་དང་མི་རིགས་གཞན་ཁག་ཅིག་དང་བསྡུར་ན་བོད་དུ་གནའ་ནས་བུད་མེད་ཚོར་རང་དབང་དང་འདྲ་མཉམ། བརྩི་འཇོག་ལོངས་སུ་སྤྱོད་རྒྱུ་ཡོད་པར་མ་ཟད། བོད་དུ་དགོན་སྡེ་ཐོག་མ་བཙུགས་པ་ནས་བཟུང་རབ་བྱུང་མ་དང་རྣལ་འབྱོར་མ་བྱུང་བ་སྟེ། བོད་ཀྱི་རབ་བྱུང་བའི་སྡེ་ཐོག་མ་སད་མི་མི་བདུན་དང་དུས་མཉམ་དུ། བཙུན་མོ་ཁྲི་རྒྱལ་མོ་བཙན་རབ་ཏུ་བྱུང་ནས་ཇོ་མོ་བྱང་ཆུབ་སྒྲོན་ཏེ་བོད་ཀྱི་བཙུན་མ་ཐོག་མར་བྱུང་ཚུལ་གྱི་ལོ་རྒྱུས་དང་། དེ་བཞིན་བོད་ཀྱི་རྣལ་འབྱོར་བ་ཐོག་མའི་གྲས་རྗེ་འབངས་ཉེར་ལྔའི་གྲས་སུ་གྲུབ་ཐོབ་མ་ཐོག་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བྱོན་ཚུལ་ནས། རྒྱལ་རབས་དང་བསྟན་པའི་འཕེལ་རིམ་མི་འདྲ་བའི་ཁྲོད་དུ་རླབས་ཆེ་བའི་བུད་མེད་ཤིན་ཏུ་མང་པོ་བྱོན་ལ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཁྲོད་དུ་བུད་མེད་ཀྱིས་སྲོལ་བཏོད་པའི་གྲུབ་མཐའ་དང་རིང་ལུགས་ཡོད་ཚུལ་སོགས་རྒྱས་པར་གསུངས་ཤིང་། རྒྱ་གར་དང་ཕ་ཁི་སི་ཐན། ཨ་ཧྥུ་ཀ་ནི་སི་ཐན་སོགས་ཁྱིམ་མཚེས་རྒྱལ་ཁབ་དང་བསྡུར་ན་བོད་ཀྱི་བུད་མེད་ལ་འདྲ་མཉམ་དང་བརྩི་འཇོག་བླ་མེད་ཐོབ་ཡོད་པ་མིག་མཐོང་ལག་ཟིན་ཡིན་ལ། རྒྱལ་ཁབ་དེ་དག་ཏུ་ད་ལྟའི་བར་དུའང་འདྲ་མཉམ་མིན་པ་མང་པོ་ཞིག་མངོན་པ་སྟེ། སྤྱི་ཚོགས་ཀྱི་བྱེད་སྒོ་རིགས་དང་། ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སོགས་སུ་བུད་མེད་ཞུགས་མི་ཆོག་པ་དང་། ཐ་ན་གླུ་ལེན་གར་རྩེད་ཙམ་གྱི་ཐོབ་ཐང་མེད་མཁན་ད་ལྟའང་མཐོང་ཐོས་སུ་གྱུར་ཡོད། དེ་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ནང་བསྟན་གྱིས་བོད་ཀྱི་སྐྱེ་ཕོ་མོ་ཚང་མར་འཇོན་ཐང་དང་བློ་གྲོས། བྱམས་བརྩེ་གོང་འཕེལ་གཏོང་བ་སོགས་ལ་གཅིག་མཚུངས་ཀྱི་ཕན་ནུས་བླ་ན་མེད་པ་ཐོན་ཡོད། དུས་རབས་གོང་མ་དག་དང་བསྡུར་ན་འཛམ་གླིང་སྤྱིའི་བུད་མེད་ཀྱི་ཁེ་དབང་དང་ཐོབ་ཐང་སོགས་གང་ཅིའི་ཐད་ནས་ཇེ་ལེགས་སུ་སོང་ཡོད་མོད། ད་རུང་མདུན་སྐྱོད་ཀྱི་ལམ་ན་འགྲན་སློང་ཤིན་ཏུ་ཆེ་བས་ཡང་དག་པའི་རིག་གནས་ཀྱི་སྙིང་སྟོབས་ཤིག་ལ་བརྟེན་པར་བྱས་ཏེ། འགྲོ་བ་མིའི་བདེ་སྐྱིད་གོང་འཕེལ་དང་བྱམས་བརྩེ་དང་འདྲ་མཉམ། དྲང་བཞག་སོགས་ཀྱི་བཟང་སྤྱོད་ལ་བརྩོན་གལ་ཆེ་ཚུལ་གྱི་གསུངས་བཤད་གནང་། དེ་དང་འབྲེལ་ནས་དགེ་སློབ་གང་མང་གི་དྲི་བ་ལ་དྲིས་ལན་གནང་།
སི་ཐན་ཧྥུའུ་སློབ་ཆེན།
ས་གནས་དེ་གའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དང་པོར། ཨ་རིའི་རྒྱ་ཁྱོན་ཆེས་ཆེ་ཤོས་ཀྱི་སློབ་ཆེན་ལི་ལན་སི་ཐན་ཧྥུའུ་སློབ་ཆེན(Stanford University斯坦福大学)ཏེ། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག བཟོ་སྐྲུན། ཁྲིམས་ལུགས། གསོ་རིག ཚོང་དོན། སློབ་གསོ། ནུས་ཁུངས་དང་ཁོར་ཡུག་ཚན་རིག་སློབ་གླིང་བཅས་རིག་གཞུང་སློབ་གླིང་བདུན་གྱིས་གྲུབ་པའི་ཨ་རིའི་རྒྱལ་ཁབ་ཕྱི་ནང་གི་སློབ་ཆེན་མང་པོའི་ཁྲོད་ཀྱི་རྩེ་གྲ་བཅུའི་གྲས་དང་། རྒྱལ་སྤྱིའི་སློབ་ཆེན་ཁག་གི་རིག་གཞུང་ཨང་རིམ་ལས་ལོ་མང་རིང་འཛམ་གླིང་གི་ཨང་གཉིས་པ་ཟིན་པའི་སློབ་གླིང་དེ་ཉིད་དུ་ཁོང་གིས་༼ཚད་གསུམ་གོ་ས(three-dimensional space三维空间)༽དང༼ ཚད་བཞི་གོ་ས(four-dimensional space四维空间)༽སྟེ་དངོས་པོའི་གནས་ཡུལ་དེ་གོ་རྟགས་གསུམ་གྱིས་གཏན་ལ་ཕབ་པའི་གོ་ས་སྟེ། ཆུ་ཞེང་དཔངས་གསུམ་གྱི་ཚད་དང་དངོས་པོ་གང་ཞིག་གཏན་འཁེལ་བྱེད་པ་ལ་དགོས་པའི་གོ་མཚམས་ཀྱི་རྟགས་བཞི་སྟེ། ཆུ་ཞེང་དཔངས་གསུམ་གྱི་ཚད་དང་དུས་ཚོད་ཀྱི་གོ་ས་བཅས་དང་འབྲེལ་ནས༼རིམ་འདས་འཇིག་རྟེན(Metaverse元宇宙)དང་ནང་བསྟན་གྱི་འཇིག་རྟེན་ལྟ་ཚུལ་ལམ་བོད་ཀྱི་མཚན་ཉིད་རིག་པའི་འདོད་ཕྱོགས་སོགས་གསུངས་ཤིང་། འཕྲོས་བཤད་དུ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི༼སད་རྨི་རྩོད་པ་སྒྱུ་མའི་རོལ་མོ་དགུ་འགྱུར༽ཞེས་པའི་གསུང་རབ་ངོ་སྤྲོད་དང་དེ་ཉིད་ཀྱི་ཁྱད་ཆོས་དང་ཆེ་བ་སོགས་ངོ་སྤྲོད་གནང་།
དེ་བཞིན་ད་ལྟ་འཕྲུལ་མིའམ་ཤེས་ནུསAIལག་རྩལ་ཉིན་རེ་བཞིན་འཕེལ་རྒྱས་ཤུགས་ཆེ་རུ་འགྲོ་བཞིན་པ་ནི་འགྲོ་བ་མིའི་རིགས་ཀྱི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་འགང་ཆེན་བླངས་པ་ལགས་ཀྱང་། ཚུལ་མཐུན་ཀུན་སྤྱོད་ཀྱི་མ་མཐའི་ཚད་ཐིག་མེད་པར་ཚད་མེད་ཀྱི་འཕྲུལ་མིའི་འཕེལ་རྒྱས་ནི་དར་རྒུད་གང་ཞིག་གི་སྒོ་འཕར་ཕྱེས་པ་ཡིན་ཁ་ཚོན་སུས་ཀྱང་མི་ཆོད་པས། ཁྱད་དུ་འཕགས་པའི་ལག་རྩལ་གྱི་ཐོན་དངོས་འདིར་དྲང་ཕྱོགས་ཀྱི་རིན་ཐང་ལྟ་བ་དང་ཆོས་དང་འདྲེས་མ་འདྲེས་ཅི་རིགས་ཀྱི་བཟང་སྤྱོད་ལྡན་པར་སྐུལ་འདེད་གཏོང་གལ་ཆེ་བར་གསུངས་ཤིང་། དགེ་སློབ་ཚོས་བཏོན་པའི་དྲི་བ་བརྒྱད་ལ་ལན་གནང་ངོ་།།
ཡེ་ལུའུ་སློབ་གྲྭ་ཆེན་མོ།
ཊུའི་ཕུ་སློབ་གྲྭ་ཆེན་མོ།
ས་གནས་དེ་གའི་སྤྱི་ཟླ་བཅུ་པའི་ཚེས་སུམ་ཅུའི་ཉིན། ཨ་རིའི་མིང་གྲགས་སློབ་གླིང་ཊུའི་ཕུ་སློབ་གྲྭ་ཆེན་མོ(Tufts University塔夫斯大学)རུ་ཕེབས་ཏེ། སེམས་ཁམས་སློབ་གསོ་དང་འབྲེལ་བསམ་གཏན་དང་ཞི་གནས་ཀྱི་སྐོར་ནས་ཞིབ་རྒྱས་གསུངས་པ་དང་། ཁོང་གི་རྩ་བའི་བླ་མ་རྣམ་གཉིས་ཀྱི་རྣམ་ཐར་དང་སྒོམ་ཉམས་ལེན་གྱི་སྐོར་གསུངས་ཤིང་། ད་ལྟའི་དུས་ཏེ་ཤིན་ཏུ་འགྲོས་མྱུར་བའི་དུས་སྐབས་འདིར་སེམས་ཁམས་ཞི་འཇགས་སུ་གནས་ཐབས་ནི་ཆོས་པ་ཁོ་ནས་བྱ་བ་ཞིག་མིན་པར་མི་སྒེར་རེ་རེའི་ཉིན་རེའི་འཚོ་བ་དང་བདེ་སྐྱིད་ལ་འབྲེལ་བ་ཡིན་ཕྱིར། དུས་རབས་གོང་མ་ནས་ཨ་རིར་བསམ་གཏན་གྱི་སྒོམ་ཉམས་ལེན་པ་དར་བ་འདི་ཤིན་ཏུ་ལེགས་ལ། གཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་སྒོམ་ཉམས་ལེན་ཀྱང་དར་བའི་རེ་བ་ཆེན་མོ་མཐོང་བས་ང་ཚོས་འབད་བརྩོན་བྱ་འོས་ཚུལ་གསུངས་མཐར། དགེ་རྒན་རྣམས་ཀྱིས་གཙོས་སློབ་ཚོགས་མང་ཙམ་སྐར་མ་བཅུ་ལྷག་སྒོམ་ལ་ཞུགས་པར་བྱས།
ཐེངས་འདིར་ད་དུང་ཁོང་ཉིད་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ཐོག་ཁང་ཆེན་མོར་ཕེབས་ཏེ། ཁོང་གི་བྱམས་བརྩེའི་ཐེབས་རྩ་ཚོགས་པའི་ཡན་ལག་གཞུང་ལས་ཁང་དེ་རུ་འཛུགས་འཆར་ལ་གྲོས་བསྡུར་གནང་བ་སོགས་ཁོང་ཉིད་ཐེངས་འདིར་ཨ་རིར་བྱོན་པའི་མཛད་འཕྲིན་གལ་ཆེ་ཤོས་ཁག་ལགས་སོ།།
ཁོང་ནི་བོད་མདོ་ཁམས་ཉག་རོང་ནས་འཁྲུངས་ཤིང་། གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་ནས་མཁན་པོ་འཇིགས་མེད་ཕུན་ཚོགས་དང་གྲུབ་དབང་ལུང་རྟོགས་རྒྱལ་མཚན་སོགས་ཀྱི་སློབ་མར་གྱུར་པ། རྗེས་སུ་ཀྲུང་གོའི་ཆེས་རྩེར་སོན་གྱི་སློབ་ཆེན་པེ་ཅིང་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཚན་གྱི་བསླབ་གནས་མཐར་སོན་པ་དང་། ཀྲུང་གོའི་རྒྱལ་ནང་དུ་ཆེས་མིང་གྲགས་ཆེ་བའི་དཔེ་དེབ《一切都是最好的安排》ཞེས་པའི་རྩོམ་པ་པོ་ཡིན་ལ། ཁོང་གིས་ལོ་མང་རིང་བོད་ཀྱི་རིག་གཞུང་དར་སྤེལ་དང་། སྒྱུ་རྩལ་ཉམས་ཞིབ། ནང་ཆོས་ངོ་སྤྲོད། ཁོར་ཡུག་སྲུང་སྐྱོབ། སློབ་གསོའི་ལས་དོན་སོགས་ལ་ཕྱག་ལས་ཧུར་ཐག་གནང་བཞིན་པ་དང་། ལྷག་ཏུ་ཀྲུང་གོའི་རྒྱལ་ནང་དང་རྒྱལ་ཕྱིའི་སྒང་གང་ཞིག་ཡིན་རུང་ཁོང་སྐུ་སྒེར་གཅིག་པུ་སྟེ། “གྲྭ་པ་གྲྭ་རྐྱང་། རས་གཟན་རས་རྐྱང་”ངང་རྒྱལ་ཁམས་རིག་པས་སྐོར་བཞིན་པ་ལྟ་བུ་ཞིག་ལགས།
སྤྱི་སྟེགས་གསལ་བཤད།
འཕྲིན་སྟེགས་འདི་རུ་སྔ་འགྱུར་རྙིང་མའི་མཁས་གྲུབ་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱིས་གསུངས་པའི་ཆོས་ཚན་ཁག་དང་། སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ། དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད། སྔ་འགྱུར་རང་ལུགས་ཀྱི་གཞུང་ཆེན་ཁག་དང་ལྟ་གྲུབ་འཛིན་མཚམས་སོགས་ལས་འཕྲོས་པའི་དཔྱད་རྩོམ་དང་། དེ་བཞིན་རིག་འཛིན་གོང་མ་རྣམས་ཀྱི་རྣམ་ཐར་རྗེས་དྲན་སོགས་ཆེད་སྤེལ་བྱེད་སྤེལ་ཞུས་ཡོད་པས་གསན་གཟིགས་གནང་བར་མཆོག་ཏུ་དགེའོ་ཞུ། གཞན་ཡང་འདིར་བཀོད་པའི་གསུང་བཤད་དང་དཔྱད་རྩོམ་སོགས་ཀྱི་ནང་དོན་རྣམས། རྩོམ་པ་པོ་དང་གསུང་བཤད་གནང་མཁན་མི་སྒེར་གྱི་ལྟ་བ་ཡིན་པ་ལས། ངེད་སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལྟ་བ་ཡིན་པའི་ངེས་པ་མེད་ཞུ།
བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ།།
ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས།།
མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ།།
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།