དེ་ཡང་བོད་རབ་རྒྱན་ཁྲོ་མོ་ཤིང་འབྲུག་ལོའི་བོད་ཟླ་བརྒྱད་པའི་ཚེས་བདུན་ཉིན་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་ཆོས་ར་དཀར་མོ་འབུམ་ཤོང་དུ། ཁྱབ་བདག་འཁོར་ལོའི་མགོན་པོ་རྫོགས་ཆེན་པ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེས་བདེ་ཆེན་ཞིང་ཁྲིད་ཐེངས་བཅོ་ལྔ་པ་དངོས་སུ་དབུ་བཙུགས་ཤིང་། ཉིན་དང་པོ་ཁྱབ་བདག་བླ་མ་རིན་པོ་ཆེས་ཕེབས་བསུ་འཚམ་འདྲི་དང་འབྲེལ་བའི་ཞོར་འཕྲོས་བཀའ་མོལ་ཉུང་བསྡུས་ཤིག་གནང་ཕྲལ། ལོ་འདིར་བླ་མས་གསར་དུ་མཛད་པའི་༼མྱུར་ལམ་བདེ་ཆེན་ཞིང་དབང་བྱིན་རླབས་ཕན་བདེའི་འོད་དཀར་༽གྱི་སྟེང་ནས་སྨིན་དབང་ཟབ་མོ་བསྩལ།
ཨོ་རྒྱན་ཆེན་པོའི་ཞལ་ནས། “འདི་ནི་ཐོས་གྲོལ་ཆེན་མོ་ཞེས་བྱ་བ་ཡིན་པས༔ མཚམས་མེད་པ་ལྔ་བྱས་པའི་མིའི་རྣ་ལམ་དུ་ཐོས་ན་ཡང་ངེས་པར་གྲོལ་བར་འགྱུར་རོ༔ དེའི་ཕྱིར་ཁྲོམ་ཆེན་པོའི་ནང་དུ་བཀླག་པར་བྱའོ༔ སྤེལ་བར་བྱའོ༔ ཞེས་པ་ལྟར་ཉིན་གཉིས་པའི་བཀའ་ཆོས་ལ་བར་དོ་ཕྱི་མ་གསུམ་དང་སྣང་མཆེད་ཐོབ་གསུམ་གྱི་ངོ་སྤྲོད་མདོར་བསྡུས་དང་བཅས། རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་རབས་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོས་ཆོག་ཁྲིག་མཛད་པའི་གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མ་བར་དོ་ཐོས་གྲོལ་ཆེན་མོ་ལས་༼ཆོས་ཉིད་བར་དོའི་གསལ་འདེབས༽ཀྱི་བཀའ་ཁྲིད་བསྩལ།
ཉིན་གསུམ་པའི་བཀའ་ཁྲིད་ལ། བོད་མིའི་ཆོས་རིག་གི་ཆེ་བ་ལས་བརྩམས་པའི་སྔོན་འགྲོ་བློ་སྦྱོང་གི་ཞལ་གདམས་གོ་སླ་ཉན་བདེ་ཞིག་གསུངས་འཕྲལ། དངོས་གཞི་གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མ་༼སྲིད་པ་བར་དོའི་ངོ་སྤྲོད་གསལ་འདེབས༽ཀྱི་བཀའ་ཁྲིད་དང་། མཇུག་ཏུ་རྗེ་ཉིད་ཀྱིས་མཛད་པའི་ཡི་གེ་དྲུག་མའི་བཟླས་སྐུལ་༼རྒྱུན་འདོན་ཁྱེར་བདེ་མ༽ཁྲིད་ལུང་སྦྲགས་མའི་ཚུལ་དུ་གནང་གྲུབ་རྗེས། བླ་མ་སྐུ་དངོས་ཀྱིས་བྱང་འདྲེན་མཛད་དེ། འདུས་པ་ཐམས་ཅད་བསྐྱེད་ཆོག་གི་གཞུང་བཞིན་ཡི་གེ་དྲུག་མའི་བཟླས་སྒོམ་ལ་ཞུགས།
ཉིན་བཞི་པར། སྔོན་འགྲོ་དགེ་སྦྱོར་ཀུན་ལ་གཅེས་པའི་དམ་པ་གསུམ་ལས་བརྩམས་ཏེ། དངོས་གཞི་རྗེ་ཉིད་ཀྱིས་མཛད་པའི་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་འབྲེལ་བའི་ཞིང་སྨོན་བདེ་ཆེན་ལམ་སྟོན་གྱི་རང་འགྲེལ་༼ཐར་ལམ་གསལ་སྒྲོན༽ཁྲིད་ལུང་སྦྲགས་མའི་ཚུལ་དུ་གསུངས། མཇུག་ཏུ་ཐོས་དོན་སྙིང་པོ་སྒོམ་ལ་དྲིལ་དགོས་པའི་ཕྱོགས་སྟོན་དུ། སྒོམ་ཐུན་བཞི་རུ་བྱས་ནས་སྒོམ་ཐུན་སྔ་མ་མཚན་བཅས་ཀྱི་སྒོམ་གསུམ་ལ་དམིགས་སྐོར་གཉིས་རེ་ཕྱེས་ཤིང་། སྒོམ་ཐུན་ཕྱི་མ་མཚན་མེད་ཀྱི་སྒོམ་ལའང་དཔྱད་འཇོག་གཉིས་སུ་འབྱེད་ནས་འདུས་པ་ཡོངས་མཚན་བཅས་མཚན་མེད་ཀྱི་སྒོམ་པའི་རྣལ་འབྱོར་ལ་མཉམ་དུ་ཞུགས།
ཉིན་ལྔ་པའི་བཀའ་ཆོས་ལོ་ལོན་དང་ནད་པ་རྣམས་ལ་གཙོ་བོར་དམིགས་ཏེ། ཕྱི་མདོ་ལུགས། ནང་སྔགས་ལུགས། ཡང་གསང་བླ་མེད་ལུགས་ཀྱི་ཞིང་ཁྲིད་ཀྱི་དབྱེ་བ་དང་། དེ་ལས་ཕྱི་མའི་ཁོངས་གཏོགས་ཀྱི་འཕོ་ཁྲིད་ལའང་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། ཐ་མལ་སྤྲུལ་སྐུ་ཚད་མེད་ཐུགས་རྗེ་འཕོ་བ། ཡང་ཐ་འདུ་ཤེས་སུམ་ལྡན་གྱི་འཕོ་བ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སུ་གསུངས་ནས། དངོས་གཞི་འདུ་ཤེས་གསུམ་ལྡན་གྱི་འཕོ་ཁྲིད་ལ་ཕྱི་ལུས་ཀྱི་སྟོང་ར། ནང་རྩ་ཡི་སྟོང་ར། རིག་པ་སེམས་ཀྱི་རྟེན་གཞི། སྐྱབས་ཡུལ་འདྲེན་པའི་དེད་དཔོན་བཅས་ཀྱི་དམིགས་ཁྲིད་རྩལ་དུ་བཏོན་ནས། མིག་ལྡན་གྱི་མདུན་ལ་གཟུགས་བཞིན་དུ་ཤིན་ཏུ་གནད་ལ་སྨིན་པའི་ལག་ཁྲིད་མཛད། མཇུག་ཏུ་འདུས་པ་སྤྱིའི་ཚེ་འཕྲང་འགལ་རྐྱེན་སེལ་ཕྱིར་རིག་འཛིན་ཚེ་སྒྲུབ་བདུད་རྩིའི་བུམ་བཅུད་གནང་སྟེ་བཀྲ་ཤིས་པའི་ངང་མཇུག་ལེགས་པར་གྲོལ།
སྤྱི་སྟེགས་གསལ་བཤད།
འཕྲིན་སྟེགས་འདི་རུ་སྔ་འགྱུར་རྙིང་མའི་མཁས་གྲུབ་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱིས་གསུངས་པའི་ཆོས་ཚན་ཁག་དང་། སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ། དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད། སྔ་འགྱུར་རང་ལུགས་ཀྱི་གཞུང་ཆེན་ཁག་དང་ལྟ་གྲུབ་འཛིན་མཚམས་སོགས་ལས་འཕྲོས་པའི་དཔྱད་རྩོམ་དང་། དེ་བཞིན་རིག་འཛིན་གོང་མ་རྣམས་ཀྱི་རྣམ་ཐར་རྗེས་དྲན་སོགས་ཆེད་སྤེལ་བྱེད་སྤེལ་ཞུས་ཡོད་པས་གསན་གཟིགས་གནང་བར་མཆོག་ཏུ་དགེའོ་ཞུ། གཞན་ཡང་འདིར་བཀོད་པའི་གསུང་བཤད་དང་དཔྱད་རྩོམ་སོགས་ཀྱི་ནང་དོན་རྣམས། རྩོམ་པ་པོ་དང་གསུང་བཤད་གནང་མཁན་མི་སྒེར་གྱི་ལྟ་བ་ཡིན་པ་ལས། ངེད་སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལྟ་བ་ཡིན་པའི་ངེས་པ་མེད་ཞུ།
བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ།།
ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས།།
མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ།།
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།