༄༅། །དཔལ་ཆེན་ཧའོ་དགོན་ཐར་ལམ་སྲོལ་རྒྱུན་བཤད་གྲྭའི་མཁན་པོ་མངའ་གསོལ་དང་། མདོ་སྔགས་རབ་འབྱམས་པ་དང་མདོ་རབ་འབྱམས་པའི་ཕྱག་ཁྱེར། སློབ་ཐོན་དང་སློབ་མཇུག་སྒྲིལ་བའི་ཕྱག་ཁྱེར་འབུལ་བའི་མཛད་སྒོ་སྐབས་གསུམ་པ་བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི་ཁྲུམས་ཟླ་བའི་ཉེར་ལྔ་མཁའ་འགྲོའི་དུས་ཆེན་ཉིན་མཛད་པ།
མཚུངས་མེད་ཐུགས་རྗེའི་གཏེར་མཛོད་༸མཁན་ཆེན་བླ་མ་ཚེ་དབང་དོན་ཀུན་གྲུབ་པ་ལེགས་བཤད་ཕུན་ཚོགས་གྲུབ་པའི་སྡེ་འདུས་པ་ཐམས་ཅད་ཀྱི་གཙོ་བོར་མངའ་བ།
གཙོ་སྐྱོང་པ་དགེ་བའི་བཤེས་གཉེན་སྒྲུབ་བརྩོན་བསྟན་དར་ནས་ཤིས་བརྗོད་སོགས་སྔོན་དུ་བཏང་སྟེ་མཛད་སྒོའི་ལས་རིམ་བརྒྱུད་བསྒྲགས་ཞུ་བཞིན་པ།
བཤད་གྲྭའི་སློབ་དོན་ཁང་གི་དགེ་བའི་བཤེས་གཉེན་ཟབ་དོན་ཀུན་ཤེས་ནས་དཔལ་ཆེན་ཧའོ་དགོན་ཐར་ལམ་བཤད་གྲྭའི་ལོ་རྒྱུས་དང་སློབ་མ་གསོ་སྐྱོང་གི་སྐོར་གསལ་བསྒྲགས་གནང་བ།
སྡོམ་བརྩོན་སྡེ་སྣོད་འཛིན་པ་མཁན་པོ་གསུམ་མངའ་གསོལ་བ། ༸མཁན་ཆེན་བླ་མ་རིན་པོ་ཆེ་ཚེ་དབང་དོན་གྲུབ་ཀྱི་ཕྱག་ཟུང་དྲོན་མོ་ནས་སྡེ་སྣོད་གསུམ་འཛིན་གྱི་མཁན་ཞྭ་དང་མཁན་པོའི་ཕྱག་ཁྱེར། སྐུ་གསུང་ཐུགས་རྟེན་བཅས་བསྩལ་བ།མཁན་པོ་བློ་གསལ་བསྟན་འཕེལ་གྱིས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་གཞུང་ནས་འཆད་པའི་མཆོད་སྤྲིན་འབུལ་བ།
མཁན་པོ་བརྩོན་འགྲུས་རྒྱ་མཚོས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་གཞུང་ནས་འཆད་པའི་མཆོད་སྤྲིན་འབུལ་བ།
མཁན་པོ་བསྟན་པ་དར་རྒྱས་ཀྱིས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་གཞུང་ནས་འཆད་པའི་མཆོད་སྤྲིན་འབུལ་བ།
མདོ་སྔགས་རབ་འབྱམས་པ་བརྒྱད་མངའ་གསོལ་བ། མཁན་ཆེན་༸བླ་མ་རིན་པོ་ཆེ་ཚེ་དབང་དོན་གྲུབ་ཀྱི་ཕྱག་ཟུང་དྲོན་མོ་ནས་མདོ་སྔགས་རབ་འབྱམས་པའི་ཕྱག་ཁྱེར་དང་ཆོས་གོས་རྣམ་གསུམ་བསྩལ་བ།
མདོ་སྔགས་རབ་འབྱམས་པའི་སྒྱུ་འཕྲུལ་གསང་བ་སྙིང་པོའི་དཔྱད་རྩོམ་ཆེད་དེབ་གཞོམ་མེད་ནཱ་ད་འདོན་ཐེངས་དགུ་པ།
མདོ་རབ་འབྱམས་པ་བཅུ་ཕྲག་བཞི་མངའ་གསོལ་བ། མཁན་ཆེན་༸བླ་མ་རིན་པོ་ཆེ་ཚེ་དབང་དོན་གྲུབ་ཀྱི་ཕྱག་ཟུང་དྲོན་མོ་ནས་མདོ་རབ་འབྱམས་པའི་ཕྱག་ཁྱེར་དང་ཆོས་གོས་རྣམ་གསུམ་བསྩལ་བ།
མདོ་རབ་འབྱམས་པའི་མདོ་ཕྱོགས་གཞུང་ཆེན་བཀའ་པོད་དཔྱད་རྩོམ་ཆེད་དེབ་གཞོམ་མེད་ནཱ་ད་འདོན་ཐེངས་དགུ་པ།
མཁན་ཆེན་༸བླ་མ་རིན་པོ་ཆེ་ཚེ་དབང་དོན་གྲུབ་ཀྱི་ཕྱག་ཟུང་དྲོན་མོ་ནས་ལོ་ལྔ་ཚན་གསུམ་པའི་སློབ་ཐོན་ཕྱག་ཁྱེར་ཏེ་2019-2024བར་གྱི་སློབ་མ་བཅུ་ཕྲག་དགུ་ལ་ཉེ་བར་སློབ་ཐོན་ལག་ཁྱེར་བསྩལ་བ།
མཁན་ཆེན་༸བླ་མ་རིན་པོ་ཆེ་ཚེ་དབང་དོན་གྲུབ་ཀྱི་ཕྱག་ཟུང་དྲོན་མོ་ནས་ལོ་ལྔ་ཚན་གསུམ་པའི་སློབ་མཇུག་སྒྲིལ་བའི་ཕྱག་ཁྱེར་ཏེ་2019-2024བར་གྱི་སློབ་མ་ལ་སློབ་མཇུག་སྒྲིལ་བའི་ལག་ཁྱེར་བསྩལ་བ།
ཧའོའི་གནས་མཆོག་བསམ་གཏན་སྒྲུབ་གླིང་འདི། །
ཏི་སི་མ་ཕམ་ཇོ་མོ་གླང་མ་ལྟར། །
འཛམ་གླིང་ཐུབ་བསྟན་བཤད་སྒྲུབ་སྙིང་པོའི་སྲོལ། །
འཛིན་པའི་འོད་སྣང་རྒྱས་པའི་བཀྲ་ཤིས་ཤོག །
༸མཁན་ཆེན་ཕུན་ཚོགས་རྒྱ་མཚོ་མཆོག་དང་སློབ་ཐོན་སློབ་མའི་མཉམ་པར།
བཏང་རག་ཏུ་གསང་མཚན་ཐུགས་སྒྲུབ་འཕྲིན་ལས་འབྲིང་པོའི་ཚོགས་མཆོད་འབུལ་བ།
སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །
བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །
བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
སྤྱི་སྟེགས་གསལ་བཤད།
འཕྲིན་སྟེགས་འདི་རུ་སྔ་འགྱུར་རྙིང་མའི་མཁས་གྲུབ་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱིས་གསུངས་པའི་ཆོས་ཚན་ཁག་དང་། སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ། དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད། སྔ་འགྱུར་རང་ལུགས་ཀྱི་གཞུང་ཆེན་ཁག་དང་ལྟ་གྲུབ་འཛིན་མཚམས་སོགས་ལས་འཕྲོས་པའི་དཔྱད་རྩོམ་དང་། དེ་བཞིན་རིག་འཛིན་གོང་མ་རྣམས་ཀྱི་རྣམ་ཐར་རྗེས་དྲན་སོགས་ཆེད་སྤེལ་བྱེད་སྤེལ་ཞུས་ཡོད་པས་གསན་གཟིགས་གནང་བར་མཆོག་ཏུ་དགེའོ་ཞུ། གཞན་ཡང་འདིར་བཀོད་པའི་གསུང་བཤད་དང་དཔྱད་རྩོམ་སོགས་ཀྱི་ནང་དོན་རྣམས། རྩོམ་པ་པོ་དང་གསུང་བཤད་གནང་མཁན་མི་སྒེར་གྱི་ལྟ་བ་ཡིན་པ་ལས། ངེད་སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལྟ་བ་ཡིན་པའི་ངེས་པ་མེད་ཞུ།
བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ།།
ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས།།
མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ།།
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།