མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རི་མོ་གསར་པ་མཉམ་དུ་འབྲི་དགོས།

文摘   2025-01-26 21:31   青海  



མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རི་མོ་གསར་པ་མཉམ་དུ་འབྲི་དགོས།


མཚོ་སྔོན་དུ་མི་རིགས་ལས་དོན་གྱི་བྱ་བ་མ་བསྒྲུབས་ན་ཁྱོན་ཡོངས་ཀྱི་བྱ་བ་མ་བསྒྲུབས་པ་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ནི་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་དོན་སྙིང་གཙོ་བོ་དང་གདེང་འཇོག་ཚད་གཞི། ཚད་འཇལ་ཚད་གཞི་བཅས་ཡིན། མིག་སྔར། མཚོ་སྔོན་གྱིས་རྒྱལ་ཡོངས་སུ་སྔོན་ལ་གྲོང་ཁྱེར་དང་ཁུལ་ཚང་མ་དང་རྫོང93%དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དུ་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐད་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐད་བཀོད་སྒྲིག་གསར་པ་བྱས་ནས། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི“འགུལ་སྐྱོད་བཅུ”དང“འཆར་གཞི་གསུམ”གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། སྤུས་ལེགས་སྡེ་ཁུལ་ཁག་གཅིག་གི“སེ་འབྲུའི་ཁྱིམ་གཞིས”བསྐྲུན་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ཁྱོན་ཡོངས་ནས་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་སྲ་བརྟན་དུ་གཏོང་རྒྱུ་རེད། 
མགོ་ཚུགས་ས་གསར་པར་ལངས་ནས། མཚོ་སྔོན་གྱི་མི་རིགས་ཁག་གིས་མུ་མཐུད་དུ་སེ་འབྲུ་ནང་བཞིན་དམ་དུ་འཁྱུད་ནས། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་དུ་འབྲི་རྒྱུ་རེད། 
གཟུགས་ལྡན་ནུས་ལྡན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ། 
སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང2024ལོའི་བྱ་བར་ཕྱིར་དྲན་བྱེད་སྐབས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་བ་དང་། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་ཐོབ་ཡོད། 
“སེ་འབྲུའི་ཁྱིམ་གཞིས”18ཞིབ་ཚགས་ཀྱིས་བསྐྲུན་པ་དང་། གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཚིགས7གསར་སྐྲུན་བྱས་པ། གྲངས་ཉུང་མི་རིགས་འཕེལ་རྒྱས་གཏོང་བའི་མ་དངུལ་རྣམ་གྲངས3ལག་བསྟར་བྱས་པ་དང་། “མདེལ་གཉིས་སྐར་གཅིག”གི་སེ་འབྲུ་དམར་པོའི་སྤུས་རྟགས་གསར་སྐྲུན་བྱས་པ། དམར་པོའི་ཞིབ་འཇུག་སློབ་སྦྱོང་གསོ་སྦྱོང་ཐེངས66སྤེལ་བ། གནད་དོན་ཐག་གཅོད་བྱེད་སྟངས་གསར་གཏོད་བྱས་ཏེ“ཆུང་ཆུང་དྲུག”གི་བྱ་བ་སྒྲུབ་སྟངས་དང“ཁོངས་མི་ལྔ་མཉམ་འབྲེལ”གྱི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་བཅས་བརྒྱུད་དེ་རྫོང་ཁོངས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ཐག་གཅོད་ཧུར་ཐག་བྱས་པ་སོགས་ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་གིས་ཆུང་ས་ནས་མགོ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་འདྲེས་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཟུགས་ལྡན་ནུས་ལྡན་ཕན་ལྡན་བཅས་ཀྱི་སྒོ་ནས་ཇེ་བརྟན་དུ་བཏང་། 
ཞིང་ཆེན་དམངས་ཆེན་གྱི་འཐུས་མི་སྟེ་ཧའེ་ཡན་རྫོང་ཨུ་ལྷན་གྱི་ཧྲུའུ་ཅི་སྟག་ལྷས་བཤད་རྒྱུར། ད་ལོ་ཧའེ་ཡན་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བརྗོད་གཞིར་དམ་པོར་དམིགས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་སྐུལ་འདེད་གང་ལེགས་བཏང་ནས“གྲངས་འབོར་སྔོན་ཐོན”ནས“དཔེ་སྟོན་སྣེ་ཁྲིད”དུ་འགྱུར་བར་འབད་རྒྱུ་དང་། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། གནད་ལ་འཁེལ་བའི་འཆར་འགོད་དོན་འཁྱོལ་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་གཏོད་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་དང་། བྱ་བའི་གཙོ་གནད་ལ་དམིགས་ནས“ཧའེ་ཡན་གྱི་གཏམ་རྒྱུད”ཡག་པོ་བཤད་རྒྱུ་དང་།“འབྲེལ་འདྲིས་གསུམ”གྱི་གཞི་རྟེན་རྒྱ་སྐྱེད་གཏོང་རྒྱུ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ་སོགས་ཀྱི་ཐད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དང་ཚད་གཞི་འཛུགས་རྒྱུ། གནད་འགག་གི་གོ་རིམ་དམ་འཛིན་བྱས་ཏེ“མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་འཕེལ་རྒྱས་ཀྱི་འགུལ་སྐྱོད་གཏིང་ཟབ་ཏུ་བཏང་སྟེ། གྲོང་ཚོའི(སྡེ་ཁུལ)“སེ་འབྲུའི་ཁྱིམ་གཞིས”ཡོངས་སུ་ཁྱབ་པ་བརྩོན་ལེན་བྱ་རྒྱུ་ཡིན།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁང་དབྱང་གྲོང་རྡལ་ཧྲང་ཀྲོང་སྡེ་བར་མི་རིགས་མཐུན་སྒྲིལ་ནི་འཚོ་བའི་རྒྱུན་གཏན་ཞིག་ཏུ་གྱུར་ཡོད་ཅིང་། གནས་དེ་རུ་རྒྱ་རིགས་དང་བོད་རིགས། ཧུའེ་རིགས་བཅས་སྤུན་ཟླ་ཚང་མ་འཆམ་མཐུན་མཉམ་གནས་ངང་འཚོ་ཡོད། ལོ་ངོ་མང་པོའི་རིང་ལ། སྡེ་བའི་ནང་མི་རིགས་ཀྱི་རྩོད་གཞི་བྱུང་མྱོང་མེད་ལ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་བགྲོད་ལམ་འཆར་འགོད་བྱས་ཏེ་བློ་སེམས་གཅིག་སྒྲིལ་གྱིས་འབྱོར་ཕྱུག་འཚོ་བ་འཚོལ་སྙེག་བྱེད་པ་དང་། ལག་གདང་སྦྲེལ་ནས་འཆམ་མཐུན་ཁྱིམ་གཞིས་དང་དཔལ་ཡོན་སྡེ་བ་གསར་པ་གསར་སྐྲུན་བྱེད་བཞིན་མཆིས། ཞིང་ཁ་དང་སྡེ་བའི་སྲང་ལམ་གང་དུའང་ཕན་ཚུན་རོགས་རམ་བྱེད་པའི་སྤྲོ་སྣང་གིས་ཁྱབ་སྟེ། “རྒྱ་རིགས་ནི་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་ནི་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཀྱང་ཕན་ཚུན་བར་ཁ་འབྲལ་ཐབས་མེད་པ”ཡི་གནས་ལུགས་ཟབ་མོ་ར་སྤྲོད་བྱས་ཡོད། 
ཞིང་ཆེན་དམངས་ཆེན་གྱི་འཐུས་མིའམ་རྨ་ལྷོ་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་གཙོ་ཆོས་བཟང་སྒྲོལ་མས་བཤད་རྒྱུར། འཆམ་ཞིང་མཐུན་པའི་ཡུལ་དེ་རུ་ང་ལ་སྟོབས་ཤུགས་སྩོལ་བའི་ཞོར་དུ། ཕྲག་ཏུ་འགན་འཁྲི་ལྕི་བ་ངང་གིས་ཚོར་ཡོང་། ད་ལོར་ནུས་ཤུགས་ཡོད་རྒུས་སྲིད་གཞུང་གི་ལས་དོན་སྙན་ཞུའི་བཀོད་སྒྲིག་གསར་པ་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། “ཏང་གི་གསུང་ལ་ཉན་པ་དང་ཏང་གི་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲང་བ”ཡི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་འབད་པ་བྱ་རྒྱུ་ཡིན།
ཐབས་ཇུས་དང་བྱེད་ཐབས་མང་པོས་མི་རིགས་མཉམ་འདྲེས་ཀྱི་རྨང་གཞི་སྲ་བརྟན་ནུས་ལྡན་དུ་གཏོང་བ། 
ད་ལྟའི་མཚོ་སྔོན་དུ་མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་ལྡན་པའི་མེ་ཏོག་གང་སར་བཞད་ཅིང་། མི་རིགས་ཁག་གི་སྤུན་ཟླ་ཁྱིམ་ཚང་གཅིག་དང་འདྲ་བར་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་ཀྱིས་ཁེངས་ཡོད། འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡང་ཡང་བྱེད་པའི་ཁྲོད། མི་རིགས་མཐུན་སྒྲིལ་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བའི་དུས་རབས་ཀྱི་སྐད་སྒྲ་བར་མེད་དུ་གྲགས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་ཐད་ནས་མི་རྣམས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། 
གྲུབ་འབྲས་འདི་སྲ་བརྟན་དུ་བཏང་སྟེ། མི་རིགས་མཉམ་འདྲེས་ཀྱི་རྨང་གཞི་སྔར་ལས་ཏན་ཏིག་ངང་བརྟན་པོར་བཏང་ནས། མི་རིགས་ཀྱི་མཛའ་གྲོགས་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་ཇི་ལྟར་གཏང་དགོས་སམ། སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ཁྱོན་ཡོངས་ནས་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོར་གཏང་དགོས”ཞེས་པའི་བཀོད་སྒྲིག་བླང་བྱ་ཇི་ལྟར་བྱས་ནས་དོན་འཁྱོལ་ཏན་ཏིག་བྱ་དགོས་སམ་ཞེ་ན། 
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀེན་ཙེ་མིན་གྱིས་བཤད་རྒྱུར། མཚོ་ནུབ་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་དགེ་མཚན་ལྡན་པའི་ལྟ་ཚུལ་མཉམ་སྤྱོད་བྱ་དགོས། ཁོས་འདི་ལྟར་གྲོས་གཞི་བཏོན་པ་སྟེ། ཐོག་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏང་དགོས། རིམ་པ་དང་རིགས་དབྱེ་ནས་དྲིལ་བསྒྲགས་སློབ་གསོའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་ནི་ནར་འགྱངས་ཅི་ཡང་བྱེད་མི་རུང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་རྒྱུན་མཐུད་དུ་སྤེལ་བ་དེ། མཚོ་ནུབ་ཁུལ་གྱི་ལས་བྱེད་པའི་སློབ་གསོ་དང་ཏང་ཡོན་སློབ་གསོ། རྒྱལ་དམངས་སློབ་གསོ། དེ་བཞིན་སྤྱི་ཚོགས་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཕྱོགས་ཡོངས་ནས་ཁྱབ་པར་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་སྒྲུབ་བྱེད་པའི་ནུས་པ་དང་ཆུ་ཚད་ཆེས་ཆེར་མཐོ་རུ་གཏང་དགོས། 
ཀེན་ཙེ་མིན་གྱིས་བལྟས་ན། ཕྱོགས་ཡོངས་ནས་ནང་འཇུག་བྱེད་པའི་ལག་ལེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་དེའང་ཧ་ཅང་གནད་འགག་རེད། “མཉམ་འདྲེས”ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཕན་ཚུན་འདེགས་སྐྱོར་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་དགོས། གྲངས་ཉུང་མི་རིགས་མང་ཚོགས་གྲོང་ཁྱེར་ནང་མཉམ་འདྲེས་བྱེད་པའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གྲངས་ཉུང་མི་རིགས་སྤུན་ཟླར་གྲོང་ཁྱེར་དུ་བདེ་སྡོད་ལས་སྤྲོ་དང་རང་ཁྱིམ་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་པ་བྱ་དགོས། “སྡེ་ཁུལ་གྱི་སེ་འབྲུའི་ཁྱིམ་གཞིས”ཞབས་ཞུའི་ནུས་པར་ཤུགས་བསྣན་ནས་མི་རིགས་ཁག་གི་སྤུན་ཟླ་ཚོར་སྤེལ་རེས་དང་མཉམ་འགུལ་དང་ཕན་ཚུན་རོགས་རམ་བཅས་བྱེད་པའི་དྲོ་སྐྱིད་ལྡན་པའི་གནས་ཡུལ་ཞིག་མཁོ་འདོན་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ཁམས་གཅིག་ཏུ་འདྲེས་པར་བྱ་དགོས། དེ་དང་ཆབས་ཅིག་ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་སོགས་སྤུས་ལེགས་ལས་སྟེགས་ལ་བརྟེན་ནས། “འཆར་གཞི་གསུམ”དང“འགུལ་སྐྱོད་བཅུ”གཏིང་ཟབ་ཏུ་བཏང་ནས། སྤེལ་རེས་བྱེད་སྒོ་སྣ་ཚོགས་སྤེལ་ནས་མི་རིགས་ཁག་ས་ཁོངས་ལས་བརྒལ་བའི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ། ས་ཁུལ་མི་འདྲ་བའི་མི་རིགས་རིག་གནས་ཕན་ཚུན་གདོང་གཏུག་དང་ཕན་ཚུན་དཔྱད་ཞིབ། ཐུན་མོང་འཕེལ་རྒྱས་གཏོང་བ་བཅས་བྱེད་དུ་འཇུག་དགོས་པར་འདོད། 
མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་ནི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ཚད་མཐའ་དང་རྨང་རྡོ་ཡིན། ཀྲེན་ཙེ་མིན་གྱིས་འདི་ལྟར་གྲོས་འགོ་བཏོན་པ་སྟེ། མི་རིགས་བྱ་བའི་སྲིད་ཇུས་དང་ཁྲིམས་སྲོལ་ལེགས་སྒྲིག་འཐུས་ཚང་དུ་གཏོང་བར་བརྟན་བརླིང་དང་གཟབ་ནན་གྱིས་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིམས་སྐྱོང་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པ་དང་། མཚོ་ནུབ་ཁུལ་གྱིས་གཅིག་གྱུར་ངང་སྤེལ་བའི་ཁྲིམས་སྲོལ་ཡིག་ཆ་གཙང་བཤེར་བྱ་བ་དང་ཟུང་འབྲེལ་བྱས་ཏེ། ད་ལྟ་ལག་བསྟར་བྱེད་བཞིན་པའི་མི་རིགས་བྱ་བའི་འབྲེལ་ཡོད་ཁྲིམས་སྲོལ་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་དཔྱད་དཔོག་བྱས་ཏེ། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་མཐུན་པའི་དོན་ཚན་ལ་བཟོ་བཅོས་རྒྱག་པ་དང་། མི་འདང་སར་ཁ་གསབ་འཐུས་ཚང་དུ་བཏང་ནས་མི་རིགས་བྱ་བར་གཞི་འཛིན་སའི་ཁྲིམས་དང་སྲོལ་ཡོད་པར་འགན་ལེན་བྱ་དགོས། 
བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ཁྱོན་ཡོངས་ནས་བསྐྲུན་པ། 
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་རྨང་རྡོ་དང་། མི་རིགས་ཁག་གི་མི་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པའི་རྡོ་ཁབ་ལེན་ལྟ་བུ་ཡིན་ལ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་ལས་དོན་གྱི་འགག་རྩ་ཡིན། 
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་དང་ཞིབ་འཇུག་པ་ཨེ་ཁྲུང་རུང་གིས་ངོ་སྤྲོད་བྱས་དོན།
2024ལོར་མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱ་བའི་མ་ལག་འཛུགས་རྒྱུའི་འཆར་འགོད་བྱས་ཏེ། རྩ་འཛིན་དམ་འཛིན་དང་དམིགས་ཡུལ་ལ་སྐུལ་ཁྲིད། སྒུལ་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་པ་རེད། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་དོན་འཁྱོལ་བྱེད་པར་མ་དངུལ་སྒོར་དུང་ཕྱུར4.25བརྩོན་ལེན་བྱས་པ་དང་། དེ་དུས་མཉམ་ལས་སྒོར་ཁྲི1279ཇེ་མང་དུ་ཕྱིན་ཡོད། རིན་མི་ལེན་པར་ཇ་སྣ་ཚོགས་བྱིན་ཏེ་མང་ཚོགས་ཁྲི35ལ་ཕན་པ་ཐོབ་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར2.15བཏང་ནས“སྤེལ་རེས་གསུམ”གྱི་རྣམ་གྲངས་རིགས51ལག་བསྟར་བྱས་པ་དེ་དུས་མཉམ་ལས་སྒོར་དུང་ཕྱུར1.22མང་དུ་ཕྱིན་པ། 《ཀྲུང་ཧྭ་མི་རིགས་སྤེལ་རེས་འགྲོ་འོང་མཉམ་འདྲེས་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཕྱོགས་བསྒྲིགས·མཚོ་སྔོན་གྱི་ལེའུ》《ལོ་རྒྱུས་ཀྱིས་གཅིག་མཐུན་ཚོགས་པ་བསྐྲུན་པ》སོགས་དཔེ་དེབ་དང་མ་ཟིན་རྩོམ་སྒྲིག་ལེགས་གྲུབ་བྱུང་། ལྕེ་རྩེའི་འཐེན་ཐུག་དང་མཛུབ་རྩེའི་གཙགས་དྲུབ། སྨྱུག་འོག་གི་ཐང་ག རྡོག་འོག་གི་ཡུལ་སྐོར་སོགས་ཚང་མར་མི་རིགས་མཐུན་སྒྲིལ་དང་། དམངས་འཚོ་ཇེ་ལེགས་སུ་གཏོང་བ། མི་སེམས་གཅིག་སྒྲིལ་སོགས་ཀྱི་དོན་སྙིང་མང་པོ་འདུས་ཡོད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་ཀྱི་ལས་དོན་ཡར་ནས་ཡར་དུ་འགྲོ་བ་མཚོན་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏང་དགོས་ན། མཐོང་ཐུབ་ལ་རེག་ཐུབ་པའི་ལས་ཀ་ཡག་པོ་བྱ་དགོས་ལ། དོན་དངོས་མང་པོ་ཞིག་ཀྱང་བསྒྲུབ་དགོས།
ལོ་གསར་པར་རྒྱང་ལྟ་བྱེད་སྐབས། ཨེ་ཁྲུང་རུང་གིས་མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཉིང་ལྷེབ་དང་འདྲ་བར་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་འཛུགས་སྐྱོང་བཅས་ཀྱི་ཕྱོགས་ཁག་ཏུ་སྔར་བས་གཏིང་ཟབ་ཏུ་འཇུག་དགོས་པ་དང་། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་སྤེལ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་སུ་བཞག་ནས“འགུལ་སྐྱོད་བཅུ”“འཆར་གཞི་གསུམ”ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་མཐོ་ཚད་ནས་རྒྱལ་ཁབ་ཀྱི་ས་ཁོངས་གལ་ཆེན་གྱི་འཐབ་ཇུས་དང་གྲོང་གསེབ་དར་སྤེལ་འཐབ་ཇུས། མཚོ་སྔོན་ལ་ཁ་གཏད་རོགས་སྐོར། ཤར་ནུབ་རྒྱུད་མཉམ་ལས་ལམ་སྲོལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སོགས་རྒྱུ་རྐྱེན་གཙོ་བོའི་ཁྱབ་ཁོངས་ཡོངས་ལ“དོན་སྙིང་གསུམ”བསྩལ་ནས། མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་འདྲེས་པར་རོགས་རམ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་དགོས་ཞེས་གྲོས་འགོ་བཏོན། 
སྡེ་ཁུལ་གྱི“སེ་འབྲུའི་ཁྱིམ་གཞིས”འཛིན་བྱ་རུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཕྲ་ཕུང་ལས་གྲྭ་ལག་བསྟར་བྱས་ནས།ཕན་ཚུན་འདེགས་སྐྱོར་རྣམ་པའི་བླང་བྱ་དང“འབྲེལ་འདྲིས་གསུམ”གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཁུལ་ཆུང་གི་གཞིས་ལས་དང་། ཐོག་ཁང་སྡེ་ཚན། སྡེ་མིའི་ཁྱིམ་ཚང་བཅས་སུ་ཁྱབ་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་ཚོར་ཡོད་མཐོང་ཡོད་དུ་བྱ་དགོས། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མདོར་གླེང》སོགས་སློབ་དེབ་བེད་སྤྱོད་ཡག་པོ་བྱས་ཏེ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་སྣ་མང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། གཞོན་ནུ་ལོ་ཆུང་གིས་ཆུང་དུས་ནས་ཀྲུང་གོའི་སེམས་པ་དང་ཀྲུང་ཧྭའི་བླ་སྲོག་བརྟན་པོ་འཛུགས་ཐུབ་པ་བྱ་དགོས། དྲ་རྒྱའི་བར་མཐོངས་ནུས་ལྡན་ངང་རྒྱ་བསྐྱེད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི“བཞུར་ཚད”སྲ་བརྟན་དུ་བཏང་ནས། དྲ་ཐོག་དང་ཡུལ་དངོས་མཉམ་འདྲེས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་དགོས།

(ཀྲུང་གོ་བོད་ཀྱི་དྲ་བ)

ལག་བསྟར་རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།




ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章