ཞིབ་དཔྱོད་ལས་ཁུངས་ཀྱིས་བསྒྲགས་པའི་གྱོད་དཔེ་ལྔ།

文摘   2025-01-14 19:03   青海  


ཞིབ་དཔྱོད་ལས་ཁུངས་ཀྱིས་བསྒྲགས་པའི“དམངས་འཚོ་སྲུང་སྐྱོང”གི་དཔེ་མཚོན་གྱོད་དཔེ་ལྔ།
2024ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སྲིད་འཛིན་ཞིབ་དཔྱོད་སྡེ་ཁག་གིས་ས་ཞིང་བསྡུ་ལེན་གྱི་སྐྱིན་ཚབ་དང་ལས་རྨས་སྐྱིན་ཚབ། མི་སྒེར་གྱི་ཆ་འཕྲིན། གཉེན་སྒྲིག་ཐོ་འགོད་སོགས་དམངས་འཚོའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་དཔེ་མཚོན་གྱོད་དཔེ་འགའ་བསྒྲགས་ཏེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཆེད་དུ་ཁྲིམས་འཛིན། ཁྲིམས་སྐྱོང་བཅས་ཀྱི་འགན་འཁྲི་རྒྱུན་ཆད་མེད་པར་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་ཐག་གཅོད་ཏན་ཏིག་བྱས་ཡོད།

1. ཁང་པ་བཙན་བཤིག་གི་གྱོད་གཞི།

གྱོད་གཞིའི་ནང་དོན།

2021ལོའི་ཟླ9པར། མཱ་ཆེ་གེ་མོས་མཚོ་སྔོན་ཞིང་ཆེན་གྱི་རྫོང་ག་གེ་མོའི་གྲོང་གསེབ་ཏུ་བསྐྲུན་པའི་ཁང་པ་རྫོང་དེའི་མི་དམངས་སྲིད་གཞུང་དང་། ཁང་པ་བསྡུ་ལེན་དང་ཁ་གསབ་ལྟེ་གནས་ཀྱིས་བཙན་བཤིག་བྱས་པས། བྱ་སྤྱོད་དེ་ནི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འགལ་ཡིན་པ་གཏན་འཁེལ་བྱས།2022ལོའི་ཟླ5པར། མཱ་ཆེ་གེ་མོས་རྒྱལ་ཁབ་ཀྱི་སྐྱིན་ཚབ་རེ་ཞུ་བྱས་པར་རྒྱབ་སྐྱོར་མ་བྱས་པའི་རྐྱེན་གྱིས་སྲིད་འཛིན་གཏུག་བཤེར་བྱས། ཁྲིམས་ཁང་གིས་མཱ་ཆེ་གེ་མོས་ཁང་པ་ལ་ཁྲིམས་མཐུན་གྱི་ས་ཞིང་བེད་སྤྱོད་དབང་ཆའི་བདེན་དཔང་འདོན་སྤྲོད་མ་བྱས་པར་གཞིགས་ནས་རྫོང་མི་དམངས་སྲིད་གཞུང་དང་། ཁང་པ་བསྡུ་ལེན་དང་ཁ་གསབ་ལྟེ་གནས་ཀྱིས་མཱ་ཆེ་གེ་མོར་སྒོར་ཁྲི10ཡི་སྐྱིན་ཚབ་འཇལ་དགོས་པའི་དཔྱད་མཚམས་བཏང་། མཱ་ཆེ་གེ་མོ་དེར་མ་འཐད་པར་གོང་གཏུག་བྱས་ཀྱང་འདྲི་གཅོད་གཉིས་པའི་ཁྲིམས་ཁང་གིས་ཐོག་མའི་དཔྱད་མཚམས་སོར་བཞག་བྱས།

མཱ་ཆེ་གེ་མོས་ཞིབ་དཔྱོད་ལས་ཁུངས་ལ་ལྟ་སྐུལ་བྱ་རྒྱུའི་རེ་ཞུ་བྱས་པ་དང་། གྱོད་གཞི་བདག་སྤྲོད་བྱས་རྗེས་ཞིབ་དཔྱོད་དཔོན་གྱིས་མཱ་ཆེ་གེ་མོའི་ཁང་པ་བཤིག་པའི་དབང་གིས་ཚོང་ལས་བྱེད་ས་མེད་པ་དང་། ཁྱིམ་ཚང་གཅིག་གི་མི4ཁང་གླ་དམའ་བའི་ཁང་པ་རུ་བསྡད་ཡོད་པས་འཚོ་བ་དཀའ་ངལ་གྱི་གནས་སུ་གྱུར་པ་རྩད་ཆོད། ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་ས་གནས་དེ་གའི་ཁང་པ་བསྡུ་ལེན་དང་ཁ་གསབ་ལྟེ་གནས་དང་འབྲེལ་བ་བྱས་ཏེ། མཱ་ཆེ་གེ་མོར་ཁྲིམས་འཛིན་རོགས་སྐྱོབ་ཀྱི་རེ་ཞུ་བྱས་མཐར། མཱ་ཆེ་གེ་མོ་དང་རྫོང་དེའི་ཁང་པ་བསྡུ་ལེན་དང་ཁ་གསབ་ལྟེ་གནས་གཉིས་ཀྱིས་སྐྱིན་ཚབ་ཀྱི་ནང་དོན་ཐད་འདུམ་འགྲིག་གི་གྲོས་མཐུན་བཞག་པ་དང་། མཱ་ཆེ་གེ་མོས་ལྟ་སྐུལ་རེ་ཞུ་ཕྱིར་འཐེན་བྱས་ནས་ཞུ་གཏུག་མི་བྱེད་པའི་ཁས་བླངས།

དཔེ་མཚོན་དོན་སྙིང་།

སྲིད་འཛིན་ནུས་པ་ཐོན་པའི་ཁྲིམས་བཅད་ལྟ་སྐུལ་གྱི་གྱོད་གཞི་བསྒྲུབ་སྐབས། གཞི་གཅིག་ཅན་གྱི་གྱོད་དོན་ཐག་གཅོད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་འཛིན་ལས་ཁུངས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྩོད་གཞི་ཐག་གཅོད་དང་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་ཐུན་མོང་གི་དམིགས་འབེན་དུ་བརྩིས་ཏེ། དོ་བདག་པར་བཅའ་ཁྲིམས་དང་གནས་ལུགས་འགྲེལ་བཤད་བྱས་ཏེ། ཁྲིམས་འཛིན་རོགས་སྐྱོབ་དང་ལས་ཞུགས་སོགས་ཀྱི་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་གཏང་དགོས།

2. ལས་རྨས་སྐྱིན་ཚབ་ཐད་རྩོད་གླེང་བྱུང་བའི་གྱོད་གཞི།

གྱོད་གཞིའི་ནང་དོན།

2022ལོའི་ཟླ2པར། མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུའུ་ཡི་སྡེ་མི་མཱ་ཆེ་གེ་མོ་དང་གློག་སྣེ་ཐོན་རྫས་ཚད་ཡོད་ཀུང་སི་ག་གེ་མོ་གཉིས་ཀྱིས་ངལ་རྩོལ་གན་རྒྱ་བཞག་པ་དང་། ཀུང་སི་དེས་ལས་གནས་སུ་མ་ཡོང་གོང་གི་བདེ་འཇགས་གསོ་སྦྱོང་མ་བྱས་པར་མཱ་ཆེ་གེ་མོ་ལས་གནས་སུ་བཀོད་སྒྲིག་བྱས་པ་རེད། མཱ་ཆེ་གེ་མོས་བྱ་བའི་ཁྲོད་གཟབ་ནན་མ་བྱས་པར་རྡོ་སྣག་གྲུ་བཞི་ཡིས་བཙིར་ནས་རྨས་སྐྱོན་ཕོག་རྗེས། སྨན་ཁང་དུ་བསྡད་ནས་བསྡོམས་རྩིས་བྱས་ན་སྒོར་ཁྲི16ལྷག་གིས་སྨན་བཅོས་བྱས་པ་དང་། གསལ་འབྱེད་བྱས་པ་བརྒྱུད་རྨས་སྐྱོན་གནས་ཚུལ་ནི་ལས་རྨས་རིམ་པ་དྲུག་པ་རེད། ཀུང་སིས་མཱ་ཆེ་གེ་མོར་སྨན་བཅོས་འགྲོ་གྲོན་སྒོར་ཁྲི4.5མ་གཏོགས་སྐྱིན་ཚབ་མ་སྤྲད་པས་ལས་རྨས་རྩོད་གཞི་བྱུང་།

མཱ་ཆེ་གེ་མོས་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ལ་བཅའ་ཁྲིམས་བློ་འདྲི་བྱས་ནས་ཁེ་དབང་སྲུང་སྐྱོང་གི་རེ་འདུན་ཞུས། མཱ་ཆེ་གེ་མོའི་རེ་ཞུ་ནི་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་དང་ལེན་བྱེད་པའི་ཁྱབ་ཁོངས་སུ་མི་གཏོགས་མོད། འོན་ཀྱང་མཱ་ཆེ་གེ་མོ་ནི་ཞིང་ལས་པ་ཞིག་ཡིན་པའི་ངོས་ནས་ཉམས་ཞན་ཚོགས་སྤྱིའི་ཁོངས་སུ་གཏོགས་པས་ཁོའི་ཁེ་དབང་ལ་མཐོང་ཆེན་དང་འགན་སྲུང་བྱ་འོས། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཕྱོགས་གཅིག་ནས་མཱ་ཆེ་གེ་མོར་བཅའ་ཁྲིམས་རོགས་སྐྱོར་བྱས་པ་སྟེ། དཔང་རྟགས་བསྡུ་རོགས་བྱས་ནས་ངལ་རྩོལ་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་འདུམ་གཅོད་རེ་ཞུ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ལོ་ཏུའུ་ཆུའུ་ཞིབ་དཔྱོད་ཁང་དང་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་ལ་འབྲེལ་གཏུག་བྱས་ཏེ། མཱ་ཆེ་གེ་མོ་དང་ཀུང་སི་ག་གེ་མོ་གཉིས་འདུམ་འགྲིག་ཡོང་བར་སྐུལ་འདེད་བཏང་བ་དང་། ཀུང་སིས་མཱ་ཆེ་གེ་མོར་སྐྱིན་ཚབ་སྒོར་ཁྲི53.5སྤྲོད་རྒྱུའི་གྲོས་ཐག་བཅད་པ་རེད། མིག་སྔའི་བར་དུ་སྐྱིན་ཚབ་ཚང་མ་སྤྲད་ཟིན།

དཔེ་མཚོན་དོན་སྙིང་།

ཞིབ་དཔྱོད་ལས་ཁུངས་ནི་ཏང་གི་མགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་ཡིན་པའི་ངོས་ནས་གཅིག་གྱུར་གྱིས་འགན་འཁྲི་སྒྲུབ་པ་དང་ཕྱོགས་བསྡུས་ཀྱིས་འགན་འཁྲི་སྒྲུབ་པ། རང་འགུལ་གྱིས་འགན་འཁྲི་སྒྲུབ་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་སྲིད་འཛིན་ལས་ཁུངས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཁྲིམས་ལྟར་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་ལ་རོགས་རམ་དང་ངལ་རྩོལ་རྩོད་གཞི་འབྱུང་རྩ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་དང་། ངལ་རྩོལ་པ་དང་ལྷག་པར་ཞིང་པ་ལས་མིའི་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་འགན་ལེན་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་དང་དྲང་གཞག་གིས་སྲུང་སྐྱོང་བྱ་དགོས།

3. སྲིད་འཛིན་རྩོད་གླེང་ལ་ལྟ་སྐུལ་རེ་ཞུ་བྱས་པའི་གྱོད་གཞི།

གྱོད་གཞིའི་ནང་དོན།

ཅུའུ་ཆེ་གེ་མོས་ཁོའི་ཨ་ཕ་གསར་བརྗེའི་ནང་ཞུགས་པའི་དུས་ཚོད་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལས་ཁུངས་ག་གེ་མོའི་ཡིག་ཚགས་ནང་ཟིན་ཐོར་བཀོད་པ་ནོར་འདུག་པས། ཁོའི་ཨ་ཕའི་ངལ་གསོའི་ཐོབ་ཐང་རྩིས་མེད་དུ་གྱུར་པའི་རྐྱེན་གྱིས་གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས།

གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། ཅུའུ་ཆེ་གེ་མོའི་རེ་འདུན་ནི་སྲིད་འཛིན་ལས་ཁུངས་ཀྱིས་ནང་ཁུལ་གྱི་མི་སྣར་དོ་དམ་བྱེད་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པས། སྲིད་འཛིན་གཏུག་བཤེར་གྱི་གྱོད་གཞི་དང་ལེན་བྱེད་པའི་ཁྱབ་ཁོངས་དང་མི་མཐུན་པར་ངོས་བཟུང་ནས་བདག་སྤྲོད་བྱས་མེད། ཅུའུ་ཆེ་གེ་མོས་ཡང་བསྐྱར་གོང་གཏུག་བྱས་རྗེས་འདྲི་གཅོད་གཉིས་པའི་ཁྲིམས་ཁང་གིས་ཐོག་མའི་དཔྱད་མཚམས་སོར་བཞག་བྱས་པས་ཞིབ་དཔྱོད་ལས་ཁུངས་ལ་ལྟ་སྐུལ་བྱ་རྒྱུའི་རེ་བ་བཏོན། ཞིབ་དཔྱོད་ལས་ཁུངས་ཀྱིས་བདག་སྤྲོད་བྱས་རྗེས། ཅུའུ་ཆེ་གེ་མོའི་ཨ་ཕའི་ཡིག་ཚགས་གནད་དོན་དེ་སྲིད་འཛིན་ལས་ཁུངས་ག་གེ་མོས་རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་སྤྱད་པ་དང་འབྲེལ་བ་མེད་པས། གྱོད་དོན་འདི་ལྟ་སྐུལ་གྱི་ཆ་རྐྱེན་དང་མི་མཐུན།

མཚོ་ནུབ་ཁུལ་ཞིབ་དཔྱོད་ཁང་གིས་དཔང་ཉན་ཚོགས་འདུ་སྒྲིག་འཛུགས་བྱས་ནས་ཅུའུ་ཆེ་གེ་མོར་བཅའ་ཁྲིམས་འགྲེལ་བཤད་དང་གནས་ལུགས་བཤད་པའི་ལས་དོན་ཐེངས་མང་སྤེལ་བ་དང་། ཁོའི་ཨ་ཕ་གསར་བརྗེའི་ལས་དོན་ནང་ལོ་མང་ཞུགས་པ་དང་མཚོ་སྔོན་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། ཁོ་ལ་ཁྲིམས་འཛིན་རོགས་སྐྱོབ་སྒོར25000རེ་ཞུ་བྱས། ཅུའུ་ཆེ་གེ་མོར་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དངུལ་འབྱོར་རྗེས། ཞིབ་དཔྱོད་ལས་ཁུངས་ཀྱི་བྱ་བ་སྒྲུབ་སྟངས་ལ་ཐུགས་རྗེ་ཆེ་ཞུས་ནས་ལྟ་སྐུལ་རེ་ཞུ་ཕྱིར་འཐེན་བྱས་པ་རེད།

དཔེ་མཚོན་དོན་སྙིང་།

དོན་དངོས་གསལ་པོ་དང་བཅའ་ཁྲིམས་སྤྱད་འཐུས་ཡང་དག་པའི་གྱོད་དོན་ལ་བརྟག་དཔྱད་བྱས་པ་བརྒྱུད། རེ་འདུན་ཞུ་མཁན་ལ་གནད་དོན་འཚོལ་རོགས་བྱེད་པ་དང་འབྲེལ་མཉམ་དུ་གནད་དོན་ཐག་བཅད། རེ་འདུན་ལ་ལུགས་མཐུན་རང་བཞིན་ལྡན་མོད། འོན་ཀྱང་བཅའ་ཁྲིམས་གོ་རིམ་ཁྲོད་རེ་འདུན་ལ་རྒྱབ་སྐྱོར་བྱེད་དཀའ་བར་མ་ཟད། འཚོ་བར་དཀའ་ངལ་ཡོད་མཁན་ལ་ཁྲིམས་འཛིན་རོགས་སྐྱོབ་རེ་འདུན་ཞུས་པ་དང་། ཡོངས་བསྒྲགས་དཔང་ཉན་སྒྲིག་འཛུགས་བྱེད་པ་སོགས་རྣམ་པ་མི་འདྲ་བའི་ཐོག་ནས་བཅའ་ཁྲིམས་འགྲེལ་བཤད་དང་གནས་ལུགས་བཤད་པར་བརྟེན། རེ་འདུན་ཞུ་མཁན་གྱི“སེམས་ཀྱི་མདུད་པ”གྲོལ་ནས་གྱོད་གཞི་དང་དོན་དག་ངོ་མ་ཐག་གཅོད་ཐུབ་པ་བྱུང་།

4. གཉེན་སྒྲིག་ཐོ་འགོད་ནོར་བའི་ཞུ་གཏུག་གི་གྱོད་གཞི།

གྱོད་གཞིའི་ནང་དོན།

2019ལོའི་ཟླ5པར། སྲིད་འཛིན་ལས་ཁུངས་ཀྱི་ལས་དོན་མི་སྣས་གཉེན་སྒྲིག་ཐོ་འགོད་བྱེད་སྐབས་ཧན་ཆེ་གེ་མོའི་ཆུང་མའི་ཆ་འཕྲིན་ནོར་ནས་བཟའ་ཟླ་སྔོན་མའི་ཆ་འཕྲིན་བཀོད་ཡོད་པ་དང་། ས་གནས་དེ་གའི་ཁྲིམས་ཁང་དང་དམངས་སྲིད་སྡེ་ཁག་གིས་གཉེན་སྒྲིག་དང་ཁྱིམ་ཚང་གི་གྱོད་གཞིའི་ཐད་ཆ་འཕྲིན་མཉམ་སྤྱོད་མ་བྱས་པས། མི་གཉིས་ཀྱི་གཉེན་སྒྲིག་ཐོ་འགོད་ནོར་འཁྲུལ་ཡོ་བསྲང་བྱས་མེད། རྗེས་སུ་ཁོའི་ཆུང་མ་ནད་ཀྱི་དབང་གིས་རྒྱལ་ཁབ་ཀྱི་སྨན་བཅོས་སྲིད་ཇུས་ལོངས་སུ་སྤྱོད་དགོས་མོད། འོན་ཀྱང་གཉེན་སྒྲིག་ཐོ་འགོད་ལ་ནོར་འཁྲུལ་བྱུང་ནས་ལོངས་སུ་སྤྱོད་ཐབས་བྲལ་བར་གྱུར།

2024ལོའི་ཟླ8པར། ཧན་ཆེ་གེ་མོས་ཞིབ་དཔྱོད་ལས་ཁུངས་ལ་ལྟ་སྐུལ་རེ་ཞུ་བྱས། ཞིབ་དཔྱོད་ལས་ཁུངས་ཀྱིས་བདག་སྤྲོད་བྱས་རྗེས་ཁྲིམས་ལྟར་འབྲེལ་ཡོད་དཔང་རྟགས་བསྡུ་ལེན་བྱས་ནས་ཡོངས་བསྒྲགས་དཔང་ཉན་ཚོགས་འདུ་སྒྲིག་འཛུགས་བྱས་པ་དང་། དམངས་སྲིད་སྡེ་ཁག་ལ་ཁྲིམས་ལྟར་ཧན་ཆེ་གེ་མོའི་གཉེན་སྒྲིག་ཐོ་འགོད་ནོར་འཁྲུལ་མེད་པར་བཟོ་རྒྱུའི་ཞིབ་དཔྱོད་གྲོས་མགོ་བཏོན་པ་དང་། རྫོང་དམངས་སྲིད་སྡེ་ཁག་ལ་ཞིབ་དཔྱོད་གྲོས་མགོ་འབྱོར་རྗེས་གྱོད་དོན་ཕྱིར་འཐེན་བྱས། དམངས་དོན་ཅུའུ་ཡིས་བརྡ་སྦྱོར་གྱི་གཏན་འཁེལ་ལྟར་མི་དམངས་ཁྲིམས་ཁང་གིས་བརྒྱུད་སྤྲོད་བྱས་པའི་བཟའ་འཐོར་གྱི་དཔྱད་མཚམས་བཏང་བའི་མི་སྣ37ཡི་གཉེན་སྒྲིག་ཐོ་འགོད་སྔ་རྗེས་སུ་ཕྱིར་འཐེན་བྱས་པ་རེད།

དཔེ་མཚོན་དོན་སྙིང་།

གཉེན་སྒྲིག་ཐོ་འགོད་མི་སྣས་སྣང་མེད་དུ་བཞག་པའམ་ཞིབ་བཤེར་ནན་མོ་མིན་པ་སོགས་ཀྱི་གནས་ཚུལ་ལས་གཉེན་སྒྲིག་ཐོ་འགོད་ནོར་འཁྲུལ་བྱུང་བའི་གནད་དོན་ལ་དམིགས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱིས་ཡོངས་བསྒྲགས་དཔང་ཉན་སྒྲིག་འཛུགས་བྱས་པ་བརྒྱུད། དུས་ཐོག་ཏུ་སྲིད་འཛིན་ལས་ཁུངས་ལ་ཞིབ་དཔྱོད་གྲོས་མགོ་བཏོན་ནས་གཉེན་སྒྲིག་ཐོ་འགོད་ནོར་བའི་རྐྱེན་གྱིས་ཞིང་ལས་དང་འབྲེལ་བའི་དངུལ་བུན་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་དོན་འཁྱོལ་མ་བྱས་པ། བུ་ཕྲུག་སློབ་གྲྭར་འགྲོ་དཀའ་བ་སོགས་དམངས་འཚོ་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། རྒྱུན་ལྡན་གྱི་གཉེན་སྒྲིག་ཐོ་འགོད་སྒྲིག་ལམ་དང་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཡོད།

5. གཉེན་སྒྲིག་ཐོ་འགོད་རྫུན་མ་ཕྱིར་འཐེན་གྱི་གྱོད་གཞི།

གྱོད་གཞིའི་ནང་དོན།

2001ལོའི་ཟླ10པར། ཀྲའོ་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་གཉིས་ངོ་ཤེས་ནས་མཉམ་སྡོད་བྱས་ཤིང་། ལིའུ་ཆེ་གེ་མོ་ནི་ཁྲིམས་བཀོད་གཉེན་སྒྲིག་གི་ལོ་ཚོད་ལ་མ་སླེབས་པར་མངལ་ཆགས་པས། ཁོ་གཉིས་ཀྱིས་ལིའུ་ཆེ་གེ་མོའི་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་རྫུན་མས་གཉེན་སྒྲིག་ཐོ་འགོད་བྱས། 2008ལོར། ཕྱོགས་གཉིས་ཀྱི་བརྩེ་དུང་ཉམས་ནས་བཟའ་འཐོར་བྱེད་འདོད། ལིའུ་ཆེ་གེ་མོས་གཉེན་སྒྲིག་བྱེད་སྐབས་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་རྫུན་མས་ཐོ་འགོད་བྱས་པས་བཟའ་འཐོར་གྱི་འགྲོ་ལུགས་བསྒྲུབ་མ་ཐུབ།

2024ལོའི་ཟླ8པར། ཀྲའོ་བཟའ་ཟླ་གཉིས་ཀྱིས་གཉེན་སྒྲིག་ཐོ་འགོད་ནོར་འཁྲུལ་བྱུང་བའི་རྒྱུ་མཚན་དུ་ཞིབ་དཔྱོད་ལས་ཁུངས་ལ་ལྟ་སྐུལ་བྱ་རྒྱུའི་རེ་ཞུ་བྱས། ཞིབ་དཔྱོད་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། ཤང་སྲིད་གཞུང་ག་གེ་མོས་གཉེན་སྒྲིག་ཐོ་འགོད་བྱེད་སྐབས་ནན་ཏན་བྱས་མེད་ཅིང་། དམངས་དོན་ཅུའུ་ལ་ཀྲའོ་ཆེ་གེ་མོ་བཟའ་ཟླ་གཉིས་ཀྱི་གཉེན་སྒྲིག་ཐོ་འགོད་ཁྲིམས་ལྟར་མེད་པ་བཟོ་བ་དང་། དེ་མཚུངས་ཀྱི་གནད་དོན་བཅོས་སྒྲིག་བྱས་ཏེ་གཉེན་སྒྲིག་ཐོ་འགོད་བྱ་སྤྱོད་ཚད་ལྡན་དུ་གཏང་དགོས་པའི་གྲོས་མགོ་བཏོན། རྫོང་དམངས་དོན་ཅུའུ་ཡིས་གྲོས་མགོ་དང་ལེན་བྱས་ནས་ཀྲའོ་ཆེ་གེ་མོ་བཟའ་ཟླ་གཉིས་ཀྱི་གཉེན་སྒྲིག་ཐོ་འགོད་ཁྲིམས་ལྟར་མེད་པར་བཟོས།

དཔེ་མཚོན་དོན་སྙིང་།

ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་ནུས་ལག་ཏུ་བསྟར་བ་བརྒྱུད། མིང་རྫུན་མས་གཉེན་སྒྲིག་ཐོ་འགོད་བྱས་པའི་རིགས་དམངས་སྲིད་སྡེ་ཁག་ལ་ཁྲིམས་ལྟར་ཕྱིར་འཐེན་བྱ་རྒྱུའི་གྲོས་མགོ་བཏོན། དེ་དང་ཆབས་ཅིག་སྤྱི་བདེ་ལས་ཁུངས་ཀྱི་ཁྱིམ་ཐོ་ཆ་འཕྲིན་དོ་དམ་རྙོག་འཛིང་གི་གནད་དོན་ཐད་སྤྱི་ཚོགས་བཅོས་སྐྱོང་རིགས་ཀྱི་ཞིབ་དཔྱོད་གྲོས་མགོ་བཏོན་ནས་འགྲེམས་སྤེལ་བྱས་ཏེ། འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་ལས་དོན་ལེགས་བཅོས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ངོ་། །

སངས་བཀྲས་བསྒྱུར།

ལག་བསྟར་རྩོམ་སྒྲིག་པ། སངས་བཀྲ།

ལྟ་སྐུལ་བ། སྐལ་བཟང་རྒྱལ།

སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།



ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章