འགྲོ་མགོན་ཆོས་རྒྱལ་འཕཊ་པའི་དགོངས་རྫོཊ།

民生   2025-01-20 23:28   西藏  
དེ་རིང་ནི། དུས་གསུམ་རྒྱལ་བའི་རང་གཟུགས། རིགས་གསུམ་སེམས་དཔའི་རྣམ་སྤྲུལ། ཐེག་གསུམ་ཆོས་ཀྱི་འབྱུང་གནས། སྲིད་གསུམ་འགྲོ་བའི་བླ་མ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ཆོལ་གསུམ་གངས་རིའི་སྲོལ་འཛིན། མཚན་མཆོག་སུམ་ལྡན་གྱི་གདུང་རྒྱུད་དུ་བྱོན་པ། ༧མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ། འཛམ་གླིང་བསྟན་པའི་བདག་པོ། ༧ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ་མཆོག་ནི།

དེ་ཡང་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་དྷཱིཿམིང་སྡོམ་བརྩོན་ཉིད། །སྟོན་པའི་བསྟན་པ་གསལ་བར་བྱེད། །ཅེས་དང་། རྒྱལ་ཆེན་གྱི་ཞུས་པའི་མདོ་ལས། དམར་སེར་པད་དཀར་ལག་ན་ཀུན་ཏུ་བཟང་། །སྲིད་ཞིའི་འོད་ཟེར་གཅིག་བསྡུས་འཕགས་པ་གྲགས། །རྒྱ་བོད་ཁྲི་སྐོར་བཅུ་གསུམ་བདག་བྱེད་འབྱུང་། །རྒྱལ་བ་ཉིད་ལྟར་འཛམ་གླིང་ཆོས་སྒྲས་གང་། །ཞེས་ལན་གཅིག་མ་ཡིན་པ་རྒྱལ་བས་ལུང་གིས་བསྔགས་པའི་གོ་ལའི་ཁྱོན་འདིར་མཚན་ཉི་ཟླ་ལྟར་གྲགས་པའི་སྐྱེས་བུ་ཆེན་པོ། ཁམས་གསུམ་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་རིན་པོ་ཆེ་ཞེས་བྱ་བ་དེ་ཉིད་བོད་ཟླ་༡༡/པའི་ཚེས་༢༢/ཉིན་མོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་མཆོད་ཁྱད་པར་ཅན་ཞིག་ཡིན་པས་ཚང་མས་དེ་རིང་གི་ཉིན་མོར་འདི་ལ་དགེ་སྒྲུབ་སྡིག་སྤོང་སོགས་ཚུལ་བཞིན་བྱེད་རྒྱུ་དང་། 

ཕགས་པ་རིན་པོ་ཆེའི་སྐུ་བསྟོད། གྲགས་ལྡན་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ། །རྩོད་པའི་དུས་འདིར་ཐམས་ཅད་མཁྱེན་པར་གྲགས། །འཛམ་གླིང་བསྟན་པའི་བདག་པོ་མངའ་གསོལ་བའི། །ཆོས་རྒྱལ་འཕགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པའི་སྐུ་བསྟོད་འདི་ངག་ཐོག་ནས་འདོན་བཞིན་ཚོགས་བསགས་སྒྲིབ་སྦྱོང་གི་བྱ་བ་ལ་འཇུག་པ་ཡིན་ན་དེ་ལྟ་བུའི་དགེ་བའི་ཕན་ཡོན་དེས་ཚེ་འདིའི་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་ཕྱི་མར་མངོན་མཐོ་དང་ངེས་ལེགས་བརྒྱུད་རྫོགས་བྱང་ཐོབ་བྱེད་ཀྱི་རྒྱུ་རུ་འགྲོ་བ་དང་མདོར་ན་དགེ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་རང་རྒྱུད་ལ་རླབས་ཆེན་ཞིག་འབྱུང་ངེས་ཡིན་པས་ཚང་མས་ཉིན་མོ་འདིར་ཕྱག་དང་མཆོད་པར། མར་མེ་འབུལ་པ། སྲོག་བླུ། བསྐོར་བ་སོགས་ཀྱི་གྲ་སྒྲིག་རྒྱ་མ་ཆུང་བ་ཞིག་གནང་བར་ཞུ་ཞུ། ཞུ།།

༄༅། །འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་ལ་གཙང་ནགས་ཕུག་པས་བསྟོད་པ་བཞུགས་སོ། །

ཨོཾ་སྭསྟི། སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །རྡོརྗེ་འཆང་ཆེན་དཔལ་ལྡན་འཇམ་པའི་དབྱངས། །ཀུན་མཁྱེན་བསྟན་པའི་སྒྲོན་མེ་སྐྱེ་རྒུའི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །སྔོན་སྦྱངས་སྟོབས་ཀྱིས་བླ྄ོ༵་གྲ྄ོ༵ས་མཚུངས་མེད་ཅིང་། །མཁྱེན་བརྩེའི་རྒྱ྄༵ལ་མཚ྄༵ན་སྐྱེ་རྒུ་ཀུན་གྱི་དཔ྄༵ལ། །བཟ྄༵ང་པ྄ོ༵འི་སྤྱོད་པ་མཛད་པ་ཁྱོད་ཉིད་ལ། །གུས་པས་བསྟོད་དོ་བདག་རྒྱུད་བྱིན་གྱིས་ོབས། །དགེ་ཚོགས་ལྷུན་པོའི་སྤོ་ལ་བརྟན་བཞུགས་ཤིང་། །དལ་འབྱོར་སྐུ་བརྗིད་བསླབ་གསུམ་རྒྱན་ཕྲེང་ཅན། །བློ་གྲོས་སྤྱན་སྟོང་རྟོགས་པའི་རྡོ་རྗེ་ཡིས། །ལོག་རྟོག་ལྷ་མིན་དཔུང་རྣམས་འཇོམས་ལ་འདུད། །མཁྱེན་པའི་སྤྲིན་ཚོགས་རྣམ་དཔྱོད་མཁའ་ལ་འཁྲིགས། །སྤོབས་པའི་གློག་ཕྲེང་སྙན་པའི་འབྲུག་སྒྲ་ཅན། །དྲི་མེད་ལེགས་བཤད་བདུད་རྩིའི་ཆར་རྒྱུན་གྱིས། །བློ་གྲོས་ལོ་ཏོག་རྒྱས་པར་མཛད་ལ་འདུད། །ཆོས་ཁྲིམས་ཆབ་སྲིད་འཛིན་པ་སྐྱེ་རྒུའི་མགོན། །གདུལ་བྱ་བློ་གསལ་དཔའ་བོའི་བུ་སྟོང་དང་། །དད་སོགས་འཕགས་ནོར་རིན་ཆེན་བདུན་ལྡན་པའི། །བདུད་ཀྱི་དཔུང་རྣམས་འཇོམས་པར་མཛད་ལ་འདུད། །བློ་གྲོས་དཀྱིལ་འཁོར་དྲི་མེད་མདངས་མཛེས་ཤིང་། །འཆད་རྩོད་རྩོམ་པའི་འོད་ཟེར་བྱེ་བས་བརྒྱན། །འགྲོ་བློའི་མུན་སེལ་གདུལ་བྱའི་དགེ་ཚོགས་ཀྱི། །ཆུ་སྐྱེས་ཚལ་རྣམས་རྒྱས་པར་མཛད་ལ་འདུད། །ཆོས་རྗེ་ཉི་མ་འདས་རྗེས་མཚུངས་མེད་ཅིང་། །ལྷག་བསམ་དཀར་པོའི་ཆ་ཤས་ཡོངས་རྫོགས་ལ། །ལེགས་བཤད་གསུང་གི་བསིལ་ཟེར་སྟོང་འཕྲོ་བས། །སྐྱེ་རྒུའི་བློ་མིག་ལེགས་པར་སྦྱོང་ལ་འདུད། །སྡེ་བདུན་གངས་རིའི་ཁྲོད་དུ་ལེགས་གནས་ཤིང་། །རྣམ་དཔྱོད་སྟོབས་ཆེ་ལུང་རིགས་མཆེ་སྡེར་ཅན། །སྒྲ་དང་སྙན་ངག་སྡེབ་སྦྱོར་ཚིག་གིརྒྱན། །རལ་པའི་ཚོགས་རབ་དུ་མས་མཛེས་ལ་འདུད། །ཚད་མེད་ལུས་བརྗིད་བྱང་ཆུབ་སེམས་སྟོབས་ཆེ། །བསྡུ་དངོས་གསེར་གྱི་དྲ་བས་རབ་སྤྲས་པ། །ཕ་རོལ་ཕྱིན་དྲུག་སྤྱོད་པའི་མཆེ་རྣོ་ཞིང་། །ཉེས་སྤྱོད་འདམ་བུའི་ཚལ་རྣམས་འཇོམས་ལ་འདུད། །རྒྱུད་སྡེ་རྒྱ་མཚོར་དམ་ཚིག་པད་སྡོང་གཏམས། །བསྐྱེད་རྫོགས་འདབ་རྒྱས་ཏིང་འཛིན་མདངས་གསལ་ཞིང་། །གདམས་པའི་ཟེའུ་འབྲུར་ཕྲིན་ལས་དྲི་བསུང་ཅན། །གདུལ་བྱའི་བུང་བས་ལེགས་པར་བསྟེན་ལ་འདུད། །དེ་ལྟར་ལྷ་དབང་ཀླུ་རྒྱལ་འཁོར་ལོས་སྒྱུར། །རྟ་བདུན་རི་བོང་ཅན་དང་རི་དྭགས་དགྲ། །གླང་པོ་ཆུ་སྐྱེས་ཚལ་འདྲའི་བླ་མ་ལ། །གུས་པས་ཐལ་སྦྱར་དད་པས་གསོལ་བ་འདེབས། །བླ་ཆེན་ཆོས་ཀྱི་རྒྱལ་པོ་འཕགས་པ་ལ། །ཤུགས་ཆེན་དད་པས་གསོལ་བ་བཏབ་པའི་མཐུས། །རྒྱ་ཆེན་བདེ་བར་གཤེགས་པའི་གསུང་རབ་ལ། །རླབས་ཆེན་བློ་གྲོས་དཀྱིལ་འཁོར་རྒྱས་པར་ཤོག །ཅེས་པ་འདི་ནི་འཕགས་པ་རིན་པོ་ཆེ་ལ་གཙང་ནགས་ཕུག་པ་འཇམ་དབྱངས་ཤེས་རབ་འོད་ཟེར་གྱིས་བསྟོད་པའོ། །གྲགས་ལྡན་ཀུན་ཏུ་བཟང་པོའིརྣམ་པར་འཕྲུལ། །རྩོད་པའི་དུས་འདིར་ཐམས་ཅད་མཁྱེན་པར་གྲགས། །འཛམ་གླིང་བསྟན་པའི་བདག་པོར་མངའ་གསོལ་བའི། །ཆ྄ོ༵ས་རྒྱ྄༵ལ་འཕ྄༵གས་པ྄༵འི་ཞབས་ལ་གསོལ་བ་འདེབས། །


达那文化
欢迎加入达那文化公众平台
 最新文章