ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་དང་མཇལ་འཕྲད་གནང་བ།

政务   2024-11-08 19:29   四川  

     རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་11པའི་ཚེས་7ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་མཇལ་འཕྲད་གནང་བ་རེད། 


     ཞི་ཅིན་ཕིང་གིས། ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་ཡག་པོ་ཡིན་ལ། བློ་སེམས་མཐུན་པའི་གྲོགས་པོ་ཡག་པོ་དང་། ལག་གདང་སྦྲེལ་ནས་གོང་འཕེལ་ཡོང་བ་བྱེད་མཁན་གྱི་རོགས་ཟླ་ཡག་པོ་ཞིག་ཀྱང་རེད། ན་ནིང་སྤྱི་ཟླ་3པར། ཁྱེད་རང་ནས་ཙུང་ལིའི་འགན་བཞེས་གནང་རྗེས་ཐེངས་དང་པོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པ་དང་། ང་ཚོའི་བར་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུའི་ཐད་གྲོས་མཐུན་བྱུང་ཡོད། ལོ་གཅིག་ལྷག་ཙམ་རིང་། ཕྱོགས་གཉིས་པོས་བང་རིམ་ཁག་ནང་སྤེལ་རེས་དམ་ཟབ་རྒྱུན་འཁྱོངས་བྱས་པ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་ཡོད་ཅེས་བསྟན་གནང་འདུག 


     ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་ཀ་རང་སོའི་རྒྱལ་ཁབ་གོང་འཕེལ་དར་རྒྱས་གཏོང་བའི་འགག་རྩའི་དུས་ལ་སླེབས་ཡོད་པས། ཕྱོགས་གཉིས་པོས་ཀྲུང་གོ་དང་མ་ལེ་ཞི་ཡའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་གྲོགས་ལོ་དེ་གོ་སྐབས་ཤིག་ལ་བརྩི་བ་དང་། ལག་གདང་དཔུང་སྦྲེལ་ངང་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་གཏིང་ཟབ་དང་དངོས་སྒྲུབ་ཕྱོགས་སུ་སྐུལ་འདེད་བཏང་ནས། རང་སོའི་གོང་འཕེལ་དམིགས་ཚད་མངོན་འགྱུར་ཡོང་ཆེད་རོགས་འདེགས་དང་། ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་འདུག 


     ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཆུ་ཚད་མཐོ་བའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་བ་དང་། མུ་མཐུད་མཐོ་རིམ་བར་གྱི་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱ་གཞིར་རྒྱབ་སྐྱོར་བྱེད་རེས་བྱེད་དགོས། ཀྲུང་གོས་མ་ལེ་ཞི་ཡས་འཐབ་ཇུས་རང་བརྟེན་རྒྱུན་འཁྱོངས་དང་། རང་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་གོང་འཕེལ་འགྲོ་ལམ་འདེམ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཆ་ཕྱོགས་ཧྲིལ་པོའི་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་པོའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་གླིང་ཁུལ་གཉིས་སོགས་སྣེ་ཁྲིད་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ། གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ནུས་རྒྱུ་གསར་པ་སོགས་མཉམ་ལས་ཀྱི་འཕར་གནས་གསར་པ་གཏོད་པ། དབུལ་སེལ་ཐད་ཀྱི་སྤེལ་རེས་མཉམ་ལས་སྒྲིག་གཞི་འཛུགས་རྒྱུར་གྲོས་བསྡུར་བཅས་བྱེད་དགོས། མ་ལེ་ཞི་ཡས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ནས་མ་ལེ་ཞི་ཡའི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ཀྲུང་གོར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་མ་ལེ་ཞི་ཡའི་བར་མཐོ་རིམ་སློབ་གསོ་དང་། རིག་གནས། ཡུལ་སྐོར། གཞོན་ནུ། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་དམངས་སེམས་ཉེ་རུ་གཏོང་བ་དང་། ཤེས་དཔལ་སྣ་མང་མཉམ་གནས་དང་། འཆམ་མཐུན་ཁོག་ཡངས་དར་སྤེལ་དང་། ཞི་བདེ་དང་། མཉམ་ལས། ཁོག་ཡངས། མཉམ་འདྲེས་བཅས་ཀྱིས་ལྟེ་བ་བྱས་པའི་ཨ་ཤེ་ཡའི་རིན་ཐང་ལྟ་བ་ལག་བསྟར་གྱིས། ཀྲུང་ཧྭའི་ཤེས་དཔལ་དང་དབྱི་སི་ལམ་ཤེས་དཔལ་གཉིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་འཛིན་ཁྲོད་མཉམ་དུ་གོང་འཕེལ་འགྲོ་བ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་འདུག 


     ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་འདིར་འགྱུར་ལྡོག་དང་ཟང་ཟིང་སྣོལ་འདྲེས་སུ་གནས་པ་དང་། ཡམ་ཡོམ་འཕེལ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ལ་སླེབས་ཡོད། ཨ་ཤེ་ཡའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་མ་ལག་གི་འཐུས་ཚབ་གལ་ཆེན་གཉིས་ཡིན་པའི་ཆ་ནས། ཀྲུང་གོ་དང་མ་ལེ་ཞི་ཡས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ། ཐུན་མོང་ཐོག་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕེལ་འགྱུར་འཐུས་ཚང་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བཅས་བྱ་དགོས། ཀྲུང་གོས་མ་ལེ་ཞི་ཡས་དུས་སང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གོ་གནས་དང་འཐབ་ཇུས་རང་བརྟེན་ལ་རྒྱབ་སྐྱོར་བྱས་ནས། ས་ཁུལ་གྱི་གོང་འཕེལ་མཉམ་ལས་ཀྱི་གཙོ་རྒྱུན་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཡིན་ཞེས་བསྟན་གནང་འདུག 


     ཨན་ཝར་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་སོགས་ཀྱི་འདུ་ཤེས་གལ་ཆེན་བཏོན་གནང་བ་དང་། ཤེས་དཔལ་མི་འདྲ་བའི་དབར་ཁོང་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུའི་འབོད་སྐུལ་གནང་བ་མ་ཟད།  “འབོ་གསེར་ཐོག་སྣོན”ཞེས་པའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་བྱེད་པའི་ཐད་གཟིགས་རྒྱང་རིང་བའི་དགོངས་འཆར་དང་གྲོས་འགོ་བཏོན་གནང་ཡོད་པས། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་བློ་གྲོས་ལྡན་པའི་འགན་འཁྲི་འཁུར་སེམས་མཚོན་ཡོད་ལ། གོ་ལ་ཧྲིལ་པོའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་བསམ་འདུན་ཡང་མཚོན་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་དང་གྲོས་འགོར་བསྔགས་བརྗོད་ཞུ་བ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། མ་ལེ་ཞི་ཡའི་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ཆ་འཕྲིན་ལག་རྩལ་དང་། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། དབུལ་ཕོངས་ཉུང་གཏོང་གི་ཁྱབ་ཁོངས་ནང་ཀྲུང་གོར་མི་རྣམས་ནས་བསྔགས་བརྗོད་བྱེད་པའི་གྲུབ་འབྲས་ཐོབ་པར་མ་ལེ་ཞི་ཡས་ཡི་རངས་བྱེད་བཞིན་པ་དང་། ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་མང་པོའི་ཐད་འཛིན་པའི་འདུ་ཤེས་གཅིག་མཐུན་ཡིན་པ་དང་ལངས་ཕྱོགས་འདྲ་པོ་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་འཐབ་ཇུས་རང་བདག་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་དང་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད། 


     ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད། 

来源:中央广播电视总台藏语
     编辑:梅朵
     校对:梅朵
  二审:梅朵
        三审:白玛曲吉
  监制:彭刚


云端石渠
传播石渠县时政新闻、民生关注等
 最新文章