མི་དགེ་བ་བཅུ་དང་འབྲེལ་བའི་ལས་འབྲས་ཀྱི་སྐོར།

乐活   2024-10-23 16:26   青海  










༢. ལས་འབྲས་སོ་སོའི་སྣང་ཚུལ། ནག་པོའི་ལས་དང་དེའི་འབྲས་བུ་ཞེས་པ་དང་། དཀར་པོའི་ལས་དང་དེའི་འབྲས་བུ་ཞེས་པ་གཉིས་ཡོད། ནག་པོའི་ལས་ནི་མི་དགེ་བ་བཅུ་ཡིན་པ་དང་། མི་དགེ་བ་བཅུ་སོ་སོ་ལ་གཞི། བསམ་པ། སྦྱོར་བ། མཐར་ཐུག་བཅས་བཞིར་དབྱེ་ནས་བཤད་ཡོད། གཞི་ཞེས་པ་ནི་བྱ་བའི་ཡུལ་ཏེ་དཔེར་ན་སྲོག་བཅད་པར་ཆ་བཞག་ན་སྲོག་གཅད་སའི་བྱ་བའི་ཡུལ་དེ་ལ་ཟེར། བསམ་པ་ནི་སྲོག་གཅོད་པའི་སྐབས་སུ་བསམ་པ་གང་འདྲ་ཞིག་བཅངས་ཡོད་མེད་དཔེར་ན་མི་བསད་པར་ཆ་བཞག་ན་ཞེད་སྣང་བྱས་ནས་བསད་པ་དང་། 


༡.སྲོག་གཅོད།

༼༡༽ གཞི་ནི། རང་མ་ཡིན་པར་གཞན་ཡིན་པ་ཞིག་སྟེ། རང་གིས་རང་བསད་པ་དེ་མིན། རང་སྲོག་རང་གིས་གཅོད་པ་དེ་མི་དགེ་བ་བཅུའི་ཁོངས་མིན་ལ་སྲོག་གཅོད་ཀྱི་སྡིག་པའི་ཁོངས་སུའང་མི་གཏོགས་ཤིང་། སྲོག་གཅོད་ཀྱི་སྡིག་པ་དེ་ནི་གཞན་གྱི་སྲོག་བཅད་པ་ལ་ཟེར། སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་ནང་རང་གིས་རང་སྲོག་བཅད་ན་ཉེས་པ་ཧ་ཅང་ཆེན་པོ་ཡིན་པས་སྐྱེ་བ་ལྔ་བརྒྱའི་བར་དུ་མི་ལུས་ལེན་མི་ཐུབ་པ་དང་། གཞན་གྱི་སྲོག་སྐྱབས་ཚེ་སྐྱེ་བ་མང་པོར་མི་ལུས་ཐོབ་རྒྱུ་མ་ཟད་ཚེ་ཡང་རིང་པོ་ཡོང་བ། གཞན་གྱི་དོན་དུ་རང་སྲོག་བཏང་བ་དེ་སྡིག་པ་མ་ཡིན་པར་དགེ་བ་ཡིན་པས་དེའི་འབྲས་བུར་སྐྱེ་བ་མང་པོར་མི་ལུས་ཐོབ་ཐུབ་པ་དང་། མི་ལུས་ཐོབ་པའི་རིང་ལ་ན་ཚ་མེད་པ། ཚེ་རིང་བ་བཅས་ཡོང་རྒྱུ་ཡོད་ཟེར། དེར་བརྟེན་སྲོག་གཅོད་ཀྱི་སྡིག་པ་ནི་རང་ལས་གཞན་པའི་སྲོག་ཆགས་ཞིག་ཡིན་དགོས།

༼༢༽ བསམ་པ་ལ་གསུམ་ལས། འདུ་ཤེས་ནི་ཡིན་པ་ལ་ཡིན་པར་ངོས་འཛིན་ཐུབ་པའི་འདུ་ཤེས་མ་འཁྲུལ་བ་ཞིག་དགོས་པ་སྟེ། དཔེར་ན་རང་གིས་གསོད་ཡས་དེ་སྟག་ཡིན་ནའང་བསད་ཚར་བ་དེ་མི་གཅིག་བསད་ཡོད་ན་མི་བསད་པའི་སྡིག་པ་མེད་པ་དང་། མི་དང་སྲོག་ཆགས་གང་ཡིན་ཀྱང་ཁྱད་མེད་སྙམ་ཏེ་བསད་པ་ཡིན་ན་སྡིག་པ་ཆེ་བ་ཡོད་ཟེར། ཉོན་མོངས་ནི་ཉོན་མོངས་དུག་གསུམ་གང་རུང་སྟེ་ཞེ་སྡང་གི་དབང་གིས་ཁོང་ཁྲོ་དྲག་པོས་བསད་པ་དང་། འདོད་ཆགས་ཀྱི་དབང་གིས་ཤ་ཞིམ་པོ་ཞིག་ཟ་ཡས་ཀྱི་ཆེད་དུ་སེམས་ཅན་བསད་པ། གཏི་མུག་གི་དབང་གིས་གཞན་གྱིས་སྲོག་བཅད་པ་ལ་ཉེས་པ་མེད་པར་བཤད་པའི་གཞུང་ལུགས་ཀྱི་རྗེས་སུ་འབྲངས་ནས་བསད་པ། ༼ཡང་ཕྲུ་གུ་ཆུང་ཆུང་སྐབས་སེམས་ཅན་བསད་པ་དེ་སྡིག་པ་ཡིན་པ་མི་ཤེས་སྟབས་དེ་ནི་གཏི་མུག་གིས་བསད་པ་ཡིན་ཟེར༽ཀུན་སློང་ནི་རང་གིས་མི་གཞན་དག་གི་སྲོག་གཅོད་འདོད་ཡོད་པའི་བསམ་བློ་ཞིག་ཡོད་པ་དེ་ལ་ཟེར། དེར་བརྟེན་མི་དགེ་བཅུ་ཟེར་བ་དེ་ཡོད་དུས་འདུ་ཤེས་དང་། ཉོན་མོངས། ཀུན་སློང་བཅས་ཚང་མ་ཚང་དགོས་ཀྱི་ཡོད།

༼༣༽ སྦྱོར་བ་ནི་སེམས་ཅན་ལ་དུག་སྟེར་བ་དང་། གཡང་ལ་གཡུགས་པ། མཚོན་ཆ་གཞན་ལ་བརྟེན་ནས་བསད་པ་སོགས་གསོད་སྟངས་ཐབས་ཤེས་དེ་དག་ལ་ཟེར། དེ་ཡང་རང་གིས་མི་བསད་ནའང་མི་དེ་དབུགས་མ་ཕྱིན་གོང་རང་མི་གཞན་གྱིས་བསད་ཚེ་ཕན་ཚུན་སྐྱིན་ཚབ་འཕྲོད་དེ་རང་ལ་སྲོག་གཅོད་ཀྱི་སྡིག་པ་མེད་ཟེར།

༼༤༽མཐར་ཐུག་ནི་རང་གི་སྔོན་ལ་གཞན་ཤི་བ་དེ་ཡིན།


༢. མ་བྱིན་ལེན།

༼༡༽ གཞི་ནི། གཞན་གྱིས་བདག་ཏུ་བཟུང་བའི་རྫས་ཡིན་པ་དགོས་ཏེ་བདག་མེད་ཀྱི་ནོར་བརྐུས་ན་ཉེས་པ་དངོས་གཞི་མེད། དེ་སྔ་རྐུན་མ་བརྐུས་པའི་ཁྲིམས་ཀྱི་ཆད་པ་དང་སྡིག་པ་གཉིས་བསྡུར་ན་ཆད་པ་ལས་སྡིག་པ་ཆེ་བ་ཡོད། གང་ཡིན་ཞེ་ན་སྐབས་དེར་ཁྲིམས་གཏོང་དུས་སྡིག་པ་ཆེ་ཆུང་ལ་བལྟས་ནས་བཏང་མེད་པར་སྐབས་དེའི་ལུང་པ་དེའི་ནང་གི་དངོས་པོའི་རིན་ཐང་ལ་གཞིགས་ནས་ཁྲིམས་ཆད་བཅད་ཡོད།

༼༢༽བསམ་པ་ལ་ཉོན་མོངས་རྣམ་པ་གསུམ་ལས། ཁོང་ཁྲོ་བྱས་ནས་རྐུན་མ་བརྐུ་བ། འདོད་ཆགས་བྱས་ནས་རྐུན་མ་བརྐུ་བ། གཏི་མུག་གི་དབང་གིས་རྐུན་མ་བརྐུ་བ་བཅས་གསུམ་ཡོད། ཁོང་ཁྲོ་ཟ་ནས་རྐུན་མ་བརྐུ་བ་ནི་རང་གི་དགྲ་བོ་ལ་ཁོང་ཁྲོ་ཟ་ནས་ཁོ་ལ་གནོད་པ་སྐྱེལ་ཆེད་ཁོའི་ཅ་ལག་རྐུན་མ་བརྐུ་བ་ལ་ཟེར། འདོད་ཆགས་ཀྱི་དབང་གིས་ཕར་ཕྱོགས་ཀྱི་རྒྱུ་དངོས་ལ་སེམས་ཆགས་ནས་བརྐུ་བ་དེ་མང་ཆེ་བ་རེད། གཏི་མུག་གི་ཐོག་ནས་རྐུན་མ་བརྐུ་བ་དེ་ལ་མུ་ཏིག་པའི་ཆོས་ལུགས་ཤིག་ནང་འཚོ་བ་སྐྱོ་པོ་ཆགས་ནས་རྐུན་མ་བརྐུས་ན་སྡིག་པ་མེད་ཟེར་བའི་རིགས་པའི་གཞུང་ལུགས་ཤིག་ཡོད། སྤྱིར་བཏང་གཏི་མུག་གིས་བརྐུ་བ་ནི་རྐུན་མ་བརྐུ་བར་ཉེས་པ་ཡོད་པ་ཧ་མ་གོ་བ་དེ་ལ་ཟེར། ཀུན་སློང་ནི་རང་གིས་གཞན་གྱི་དངོས་པོ་རྐུན་མ་བརྐུ་འདོད་ཀྱི་བསམ་བློ་དེ་ཡིན།  

༼༣༽ སྦྱོར་བ་ལའང་ནང་གསེས་གཉིས་ཡོད་དེ། དབང་ཡོད་བཤད་ནས་འཕྲོག་པ་ཞིག་དང་དབང་མེད་པར་བརྐུས་པ་སྟེ་གཉིས་སོ། དབང་ཡོད་ཀྱིས་འཕྲོག་པ་དེ་ལ་འཕྲོག་སྟངས་སྣ་ཚོགས་ཡོད། དབང་མེད་པར་བརྐུས་པ་ལའང་ནང་གསེས་གཉིས་ཡོད་དེ། དངོས་འབྲེལ་བརྐུ་བ་དང་བརྗེད་བརྐུ་ཟེར་བ་ཞིག་ཡོད། དངོས་འབྲེལ་བརྐུ་བ་དེ་ཞུ་མི་དགོས་པར་མཁྱེན་གསལ་རེད། བརྗེད་བརྐུ་ཟེར་བ་ནི་མི་གཞན་གྱི་མདུན་ནས་ཅ་ལག་གམ་དངུལ་གཡར་བ་དེ་དུས་ཚོད་རིང་པོ་མ་སྤྲད་པར་གཡར་བརྗེད་བཏང་བ་ལ་ཟེར།༼ཁ་བསླུད་རྒྱག་པ་དེའི་ཁོངས་སུ་གཏོགས༽

༼༤༽ མཐར་ཐུག་ནི་ཐོབ་པའི་བློ་སྐྱེས་པ་ཟེར་བ་དེ་ཡིན་ཏེ་དེ་ནི་ཅ་ལག་དེ་རང་ལ་བྱུང་སོང་བསམ་ནས་དགའ་ཚོར་སྐྱེས་པ་དེ་ལ་ཟེར་ཞིང་། ཐོབ་བློ་མ་སྐྱེས་ན་མ་བྱིན་ལེན་གྱི་སྡིག་པ་ཆ་ཚང་བ་ཡོང་གི་མེད་ཟེར།


༣. ལོག་གཡེམ།

མི་དགེ་བ་བཅུའི་ནང་ལོག་གཡེམ་ལས་མི་གཙང་སྤྱོད་དྲངས་མེད། མི་གཙང་སྤྱོད་དང་ལོག་གཡེམ་གཉིས་ལ་དབྱེ་བ་ཡོད་པ་སྟེ། སྡོམ་པ་ཡོད་མཁན་གྱི་གྲྭ་པས་བུད་མེད་ལ་འབྲེལ་བ་བྱས་པ་ཡིན་ན་མི་གཙང་སྤྱོད་ཟེར་བ་དང་། སྡོམ་པ་ཡོད་མེད་ལ་མ་བལྟོས་པར་གཞན་གྱི་བུད་མེད་ལ་འབྲེལ་བ་བྱས་པར་ལོག་གཡེམ་ཟེར།

༼༡༽ གཞི་ནི། རང་གི་མ་དང་སྤུན་ཉེ། རབ་བྱུང་མ། བུ་མོ་ལོ་གྲངས་མ་ལོན་པ་སོགས་བགྲོད་བྱ་མ་ཡིན་པ་དང་། སྦྲུམ་མ་དང་། སྡོམ་པ་བསྲུང་བ། ཟླ་མཚན་འབབ་པ་སོགས་དུས་མ་ཡིན་པ། ལྷ་ཁང་དང་རང་གི་བླ་མ། ཕ་མ་བཅས་ཀྱི་དྲུང་སོགས་གནས་མ་ཡིན་པ། ཁ་དང་། བཤང་ལམ། བརླའི་བར་སོགས་ལམ་མ་ཡིན་པ། ༼སྤུན་ཉེ་ཟེར་བ་ནི་སོ་སོའི་ཕ་མ་ནས་ཡར་རྩིས་པའི་མི་ཐོག་བདུན་ལ་ཟེར་ཞིང་། བདུན་གྲོལ་ཚེ་ཉེས་པ་མེད་ཟེར༽

༼༢༽ བསམ་པ་ནི་འདུ་ཤེས་ལ་ཡིན་པ་ངོས་བཟུང་ནས་འདུ་ཤེས་མ་འཁྲུལ་བ་ཞིག་དགོས་པ་སྟེ། གཞན་གྱི་ཡིན་པ་ལ་རང་གི་ཡིན་སྙམ་ནས་བྱས་པ་དང་། གཞན་ཡང་བདག་པོ་ཡོད་པར་བདག་པོ་མེད་སྙམ་ནས་བྱས་པ་དང་། གཞན་གྱིས་རང་ལ་བཙན་ཤེད་ཀྱིས་བྱེད་དུ་བཅུག་པ་ཡིན་ན་ལོག་གཡེམ་གྱི་ངེས་པ་ཆ་ཚང་བ་མེད་ཟེར། ཉོན་མོངས་ནི་འདོད་ཆགས་ཀྱི་ཐོག་ནས་བྱས་པ་དེ་ཤོད་མི་དགོས་ལ། ཁོང་ཁྲོ་ཟ་ནས་བྱས་པ་ཡང་ཡོད་དེ། དཔེར་ན་རང་གི་དགྲ་བོ་ལ་གནོད་པ་སྐྱེལ་ཡས་ཀྱི་ཆེད་དུ་དགྲ་བོའི་ཆུང་མ་ལ་ཆེད་མངག་ལོག་གཡེམ་བྱས་པ་ལྟ་བུ།  གཏི་མུག་གི་ཐོག་ནས་བྱས་པ་སྟེ་ཉེས་པ་ཡོད་བཞིན་དུ་ཧ་མ་གོ་བར་བྱས་པ་དེ་ཡིན།

༼༣༽ སྦྱོར་བ་ནི་མགོ་སྐོར་དང་བཙན་ཤེད་སོགས་བྱ་ཐབས་སྣ་ཚོགས།

༼༤༽ མཐར་ཐུག་ནི་ཕན་ཚུན་དབང་པོ་སྤྱད་དེ་ཆགས་པ་བྱེད་པ།


༤. རྫུན།

༼༡༽ གཞི་ནི། མཐོང་བ་དང་མ་མཐོང་བ་གཉིས་དང་། ཐོས་པ་དང་མ་ཐོས་པ་གཉིས། བྱེ་བྲག་ཕྱེད་པ་དང་མ་ཕྱེད་པ་གཉིས། རང་གིས་ཤེས་པ་དང་མ་ཤེས་པ་གཉིས་བཅས་བརྒྱད།

༼༢༽ བསམ་པ་ལ་ཀུན་སློང་དང་ཉོན་མོངས་གོང་དང་འདྲ་ལ། འདུ་ཤེས་ནི་རང་གིས་ཤེས་བཞིན་དུ་འདུ་ཤེས་གཞན་དུ་བསྒྱུར་ནས་སྨྲ་འདོད་པ་ཞིག་ཡིན།

༼༣༽ སྦྱོར་བ་ནི་ངག་ནས་སྨྲ་བའམ་ཅང་མི་སྨྲ་བའི་སྒོ་ནས་དང་དུ་ལེན་པ།

༼༤༽ མཐར་ཐུག་ནི་ཕ་རོལ་པོས་ཚིག་དང་དོན་གསལ་པོར་གོ་བ།

རྫུན་གྱི་ནང་ནས་མི་ཆོས་བླ་མའི་རྫུན་ཞེས་པ་ནི་སྤྱིར་བཏང་གི་མིའི་ཆོས་ཉིད་ལས་འདས་པའི་ཡོན་ཏན་ཞིག་གི་ཐོག་ནས་རྫུན་བཤད་པ་སྟེ། དཔེར་ན་ཡོན་ཏན་མེད་པར་ཡོན་ཏན་ཡོད་ཟེར་བ་དང་། མངོན་ཤེས་མེད་པར་མངོན་ཤེས་ཡོད་ཟེར་བ། གྲུབ་ཐོབ་མིན་པར་གྲུབ་ཐོབ་ཡིན་ཟེར་བ། ཆོས་ཀྱི་གནས་ཚད་མེད་པར་ཡོད་ཟེར་བ། ཤེས་ཡོན་གང་ཡང་མེད་པར་ཡོད་ཟེར་བ་སོགས་རྫུན་དེ་དག་ལ་བརྟེན་ནས་མིའི་རྒྱུ་ཟ་བ་ལ་ཟེར། དེ་ཡང་རྫུན་བཤད་པར་ཉེས་པ་མེད་པ་ཞིག་ཡོད་པ་སྟེ། ཕར་ཕྱོགས་སྲོག་ལ་ཐུག་པའི་ཉེན་ཁ་ཡོད་སྐབས་དེ་སྐྱོབ་ཆེད་རྫུན་བཤད་པ་དེ་ཡིན། དེར་བརྟེན་གཞན་གྱི་དོན་དུ་རྫུན་བཤད་པ་ལ་ཉེས་པ་མེད་པ་དང་རང་གི་དོན་དུ་རྫུན་བཤད་པ་ལ་ཉེས་པ་ཆེན་པོ་ཡོད་ཟེར།


༥. ཕྲ་མ།

ཕྲ་མ་ནི་ཕན་ཚུན་བར་དཀྲུག་ཤིང་རྒྱག་པ་ལ་ཟེར། ཕྲ་མ་ལའང་གཞི་བསམ་པ། སྦྱོར་བ། མཐར་ཐུག་བཅས་ཡོད།

༼༡༽ གཞི་ནི་ཕར་ཕྱོགས་གཉིས་མཐུན་པོ་ཡོད་པ་ཞིག་དགོས་པའམ་མཐུན་པོ་མེད་བཞིན་དུ་དེ་བས་མ་མཐུན་པར་བཏང་བ་དེ་ཡང་གཞི་ཡིན།

༼༢༽ བསམ་པ་ནི་འདོད་ཆགས་དབང་གིས་རང་གི་སེམས་ལ་མི་དགའ་བ་སྐྱེས་ནས་ཕན་ཚུན་དཀྲུག་པ། ཞེ་སྡང་དབང་གིས་རང་ལ་དགའ་པོ་ཡོད་པའི་མི་ཞིག་གཞན་ལ་དགའ་པོ་བྱས་ཚེ་དེ་གཉིས་བར་དཀྲུག་ཤིང་རྒྱག་པ། གཏི་མུག་དབང་གིས་ཕྲ་མ་བཤད་པ་དེ་ཡང་དག་མིན་ཧ་མ་གོ་བར་བཤད་པ་ལ་ཟེར།

༼༣༽ སྦྱོར་བ་ནི་ཚིག་སྙན་པའམ་མི་སྙན་པ་གང་རུང་དང་། བདེན་པ་དང་མི་བདེན་པ་གང་རུང་།

༼༤༽ མཐར་ཐུག་ནི་རང་གིས་སྨྲས་པའི་ཚིག་ཕ་རོལ་པོས་གོ་བ། གལ་ཏེ་རང་གིས་དཀྲུག་ཤིང་བརྒྱབ་ནའང་ཕན་ཚུན་བར་མ་མཐུན་པ་ཆགས་མེད་ཚེ་རང་གི་ཕྲ་མའི་སྡིག་པ་དེ་ཆ་ཚང་བ་ཡོང་གི་མེད་པ་དང་། མ་མཐུན་པ་ཆགས་ན་སྡིག་པ་ཆ་ཚང་བ་ཡོད་ཟེར།


༦. ཚིག་རྩུབ།

༼༡༽ གཞི་ནི་སྨྲ་ཡུལ་རང་མ་ཡིན་པ་དང་། སྲོག་ཆགས་ཡིན་པ། དོན་གོ་བ་སྟེ་དུད་འགྲོ་ཡང་ཚུད་ཡོད། སྲོག་མེད་བེམ་པོའི་རིགས་ལ་ཚིག་རྩུབ་སྨྲས་པར་སྡིག་པ་ཆ་ཚང་མེད།

༼༢༽ བསམ་པ་ནི་འདོད་ཆགས་དབང་གིས་རང་ལ་མི་དགའ་བའི་མི་ལ་ཚིག་ངན་སྣ་ཚོགས་བཤད་པ་དང་། ཞེ་སྡང་དབང་གིས་དགྲ་བོ་ལ་ཚིག་རྩུབ་སྨྲ་བ། གཏི་མུག་དབང་གིས་ཚིག་རྩུབ་སྨྲས་པར་ཉེས་པ་ཡོད་མིན་མ་ཤེས་པར་བཤད་པ། ཀུན་སློང་ནི་ཕ་རོལ་པོའི་སེམས་ལ་གནོད་པའི་ཚིག་རྩུབ་པོས་སྨྲ་འདོད་པ།

༼༣༽ སྦྱོར་བ་ནི་བདེན་པ་ཡིན་མིན་ལ་མ་བལྟོས་པར་ཐབས་ཤེས་གང་ཡོད་ཀྱིས་ཕ་རོལ་ངོས་ལ་ཚིག་གང་རྩུབ་རྩུབ་བཤད་པ་དེ་ཡིན།

༼༤༽ མཐར་ཐུག་ནི་གཞན་ཕྱོགས་ནས་གོ་བ་ལོན་པ་ཞིག་དགོས། དེ་མ་བྱུང་ན་ཉེས་པ་ཆ་ཚང་བ་མེད་ཟེར།


༧. ངག་ཀྱལ། ངག་ཀྱལ་ནི་དོན་མེད་སྐད་ཆ་བཤད་པ་སྟེ།

༼༡༽ གཞི་ནི་དོན་དག་མེད་པའམ་དོན་དག་ལ་སྙིང་པོ་མེད་པ།

༼༢༽ བསམ་པ་ནི་འདུ་ཤེས་དང་ཉོན་མོངས་གོང་དང་འདྲ་ཞིང་། ཀུན་སློང་ནི་དོན་མེད་པའི་ཚིག་གང་བྱུང་དུ་སྨྲ་བར་འདོད་པ།

༼༣༽ སྦྱོར་བ་ནི་དེའི་ཆེད་དུ་འབད་བརྩོན་བྱེད་པ།

༼༤༽ མཐར་ཐུག་ནི་དོན་མེད་པའི་ཚིག་ངག་ཏུ་སྨྲས་ཟིན་པ།

སྤྱིར་ན་གླུ་ལེན་པ་དང་། གཞས་གཏོང་བ། ཆོ་མེད་སྐད་ཆ་ཤོད་པ། སྒྲུང་ཤོད་པ་སོགས་ཚང་མ་ངག་ཀྱལ་གྱི་ཁོངས་སུ་གཏོགས་པ་ཡིན། ངག་ཀྱལ་ལ་དམིགས་བསལ་གྱི་ཡུལ་གཞན་མེད། རྫུན་དང་། ཕྲ་མ། ཚིག་རྩུབ། ངག་ཀྱལ་བཅས་ལ་ངག་གི་ཉེས་པ་བཞིའམ་ངག་གི་མི་དགེ་བ་བཞི་ཟེར་ཞིང་། གཙོ་བོ་ཁ་ནས་བཤད་དེ་ཉེས་པ་གསོག་པ་དེ་ཡིན།


༨. བརྣབ་སེམས། བརྣབ་སེམས་ནི་གཞན་གྱི་དངོས་པོར་འདོད་པ་བྱས་པ་དང་། གཞན་གྱི་བུད་མེད་དང་གཞན་གྱི་དངོས་པོ་སྤྱི་དང་དེ་ལ་ཡོད་པའི་རིགས་ང་ལ་བྱུང་ན་བསམ་པའི་བསམ་བློ་ལ་ཟེར།

༼༡༽ གཞི་ནི་གཞན་གྱི་ནོར་དང་གཞན་ལ་ཡོད་པའི་ཕུན་སུམ་ཚོགས་པའི་རྒྱུ་དངོས་སོགས།

༼༢༽ བསམ་པ་ནི་འདོད་ཆགས་དབང་གིས་བརྣབ་སེམས་བྱས་པ། ཞེ་སྡང་དབང་གིས་དགྲ་བོའི་རྒྱུ་དངོས་སོགས་ཐམས་ཅད་རང་ལ་བྱུང་ན་བསམ་པ། གཏི་མུག་དབང་གིས་བརྣབ་སེམས་བྱས་པར་ཉེས་པ་ཡོད་མེད་མི་ཚོར་བར་བཤད།

༼༣༽ སྦྱོར་བ་ནི་ཐབས་ཤེས་གང་ཡོད་ཀྱིས་རྒྱུ་དངོས་རྣམས་རང་ལ་ཡོང་ཐབས་བྱེད་པ་།

༼༤༽ མཐར་ཐུག་ནི་གཞན་གྱི་རྒྱུ་དེ་རང་ལ་བྱུང་ན་ཅི་མ་རུང་སྙམ་པ་དེ་ཡིན།

༼༡༽ གཞི་ནི་གཞན་ཕྱོགས་ཡིན་པ།

༼༢༽ བསམ་པ་ནི་འདོད་ཆགས་དབང་གིས་ཕར་ཕྱོགས་ཀྱི་རྒྱུ་དེ་ལ་རང་གི་འདོད་པ་བྱས་ཏེ་གནོད་སྐྱེལ་བ། ཞེ་སྡང་དབང་གིས་རང་ལ་མི་དགའ་བའི་མི་ལ་ཁོང་ཁྲོ་ཟ་ནས་གནོད་པ་སྐྱེལ་བ། གཏི་མུག་དབང་གིས་དེ་ལ་ཉེས་པ་ཡོད་མེད་མི་ཚོར་བ།

༼༣༽སྦྱོར་བ་ནི་གནོད་པ་སྐྱེལ་ཡས་ཀྱི་ཐབས་ཤེས་བསམ་བློ་བཏང་བ་དེ་ཡིན་ཏེ་དཔེར་ན་ཉེས་རྡུང་གཏོང་དགོས་བསམ་པའམ་ཡང་ན་གཞན་སྨྱོ་དགོས་པ་ཞིག་བཟོ་བ་སོགས་ཀྱི་སྦྱོར་བ་ལ་བསམ་བློ་གཏོང་བ།

༼༤༽ མཐར་ཐུག་སྟེ་གནོད་པ་སྐྱེལ་རྒྱུ་དེ་ལ་སེམས་ཐག་གཙང་མ་བཅད་པ་དེ་ཡིན།


༡༠. ལོག་ལྟ།

༼༡༽ གཞི་ནི་ཆོས་ཀྱི་ནང་དུ་བྱས་ན་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ལ་ཡིད་ཆེས་མ་བྱས་པར་དམའ་འབེབས་སམ་ཡང་ན་ལྟ་བ་ལོག་པ་བཤད་པ་དེ་ལ་ཟེར། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན་དཀོན་མཆོག་གསུམ་ཡོད་པ་དང་། ལས་རྒྱུ་འབྲས་ཡོད་པ། སྐྱེ་བ་སྔ་ཕྱི་ཡོད་པ་སོགས་ཁས་བླངས་ཚེ་ཡང་དག་པའི་ལྟ་བ་དང་དེ་ཁས་མ་བླངས་ཚེ་ལོག་ལྟ་ཟེར། དེར་བརྟེན་ལོག་ལྟའི་གཞི་འདི་ཡོད་པའི་དོན་དེ་ཡིན།

༼༢༽ བསམ་པ་ནི་འདོད་ཆགས་དབང་གིས་རང་ལ་རྒྱུ་དངོས་པོ་ཕྲན་བུ་ཡོང་གི་ཡོད་པ་ཤེས་ནས་དེའི་ཆེད་དུ་ལོག་ལྟ་བྱས་པ། ཞེ་སྡང་དབང་གིས་ཆོས་ཀྱི་ནང་དོན་ལ་ཁོང་ཁྲོ་ཟ་བ་དང་། དེ་བདེན་པ་མིན་པར་བཤད་པ། གཏི་མུག་དབང་གིས་རང་གིས་དཀོན་མཆོག་གསུམ་དང་། ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་བཅས་ཀྱི་གནད་དོན་སྙིང་པོ་གང་ཡང་མ་ཤེས་པར་དེ་ཚོ་མེད་པར་སྨྲ་བ་དེ་ཡིན།

༼༣༽ སྦྱོར་བ་ནི་ལོག་ལྟ་བྱེད་ཆེད་རྒྱུ་མཚན་མང་པོ་ལ་བསམ་བློ་བཏང་བ་དེ་ཡིན།

༼༤༽ མཐར་ཐུག་ནི་རང་གིས་དཀོན་མཆོག་གསུམ་དང་། ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་བཅས་མེད་ཅེས་ཐག་གཙང་མ་བཅད་ནས་བཤད་པ་དེ་ཡིན། གོང་གསལ་བརྣབ་སེམས་དང་། གནོད་སེམས། ལོག་ལྟ་བཅས་གསུམ་ལ་ཡིད་ཀྱི་ཉེས་པ་གསུམ་མམ་ཡིད་ཀྱི་མི་དགེ་བ་གསུམ་ཡང་ཟེར། གཙོ་བོ་རང་གི་བསམ་བློའི་ཐོག་ནས་སྡིག་པ་བསགས་པ་རྣམས་ཡིན།

མི་དགེ་བ་བཅུའི་ནང་ནས་ལོག་ལྟ་ཕུད་དེ་མིན་ཚང་མ་དེང་སང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མཐུན་པ་ཤ་སྟག་ཡིན་པར་བརྟེན་སྤྱི་ཚོགས་ཐོག་མི་ཚང་མས་ཁས་མི་ལེན་པའི་བྱ་སྤྱོད་ངན་པ་དེ་ཚོ་ལ་མི་དགེ་བ་ཞེས་བརྗོད་དོན་དེ་ལྟར་ཡིན།

ལས་འབྲས་སོ་སོར་བཤད་པའི་ནང་གི་དཀར་པོའི་ལས་ལམ་ཞེས་པ་ནི་དགེ་བ་བཅུ་ཟེར་བ་དེ་ཡིན།དགེ་བ་བཅུ་ནི་མི་དགེ་བ་བཅུ་སྤངས་པ་དེ་ལ་ཟེར་བས་དེ་མང་པོ་ཞུ་དགོས་དོན་མེད།


༣. ལྕི་ཡང་ངམ་སྟོབས་ཆེ་ཆུང་སྟེ། ལྕི་ཡང་གི་ཁྱད་པར་ནི་སྟོབས་ཆེ་ཆུང་གི་ཐོག་ནས་བཤད་པ་ཞིག་ཡིན། དེ་ལའང་ངོ་བོའི་སྒོ་ནས་ལྕི་ཡང་གི་ཁྱད་པར་དང་། བསམ་པའི་སྒོ་ན་ལྕི་ཡང་གི་ཁྱད་པར། སྙིང་པོ་མེད་པའི་ཐོག་ནས་ལྕི་ཡང་གི་ཁྱད་པར། ཞིང་གི་སྒོ་ནས་ལྕི་ཡང་གི་ཁྱད་པར། དུས་རྟག་ཏུ་བྱེད་པའི་ལྕི་ཡང་གི་ཁྱད་པར། རྟེན་གྱི་སྒོ་ནས་ལྕི་ཡང་གི་ཁྱད་པར་བཅས་བཤད་ཡོད།


༼༡༽ ངོ་བོའི་སྒོ་ནས་ལྕི་ཡང་གི་ཁྱད་པར་ནི། ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་བཞི་སྟེ་བདུན་གྱི་ནང་དུ་སྔོན་མ་སྔོན་མ་ལྕི་བ་དང་། ཕྱི་མ་ཕྱི་མ་ཡང་བ་ཡོད་པ་དཔེར་ན་སྲོག་གཅོད་དང་། མ་བྱིན་ལེན། ལོག་གཡེམ་གསུམ་ལས་སྲོག་གཅོད་དེ་ལྕི་བ་ཡོད་ཅིང་། དེ་ལས་མ་བྱིན་ལེན་ཅུང་ཡང་བ་ཡོད་པ་དང་། དེ་ལས་ལོག་གཡེམ་ཅུང་ཡང་བ་ཡོད། རྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་བཞི་ལས་རྫུན་དེ་ལྗིད་ཤོས་དང་དེ་ནས་གོ་རིམ་གྱིས་ཡང་བ་ཡོད། ཡིད་ཀྱི་མི་དགེ་བ་གསུམ་ལས་བརྣབ་སེམས་དེ་ཡང་ཤོས་དང་། དེ་ལས་གནོད་སེམས་ལྕི་བ་ཡོད། དེ་ལས་ལོག་ལྟ་ལྕི་བ་ཡོད་པར་བརྟེན་དེ་གཉིས་བར་ལྕི་ཡང་གི་ཁྱད་པར་ཅུང་མི་འདྲ་བ་ཡོད།


༼༢༽ བསམ་པའི་ཐོག་ནས་ལྕི་ཡང་གི་ཁྱད་པར་༼བསམ་པའི་སྒོ་ནས་སྟོབས་ཆེ་བ༽ནི་། བསམ་པ་དེ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གང་རུང་ཞིག་ཤུགས་ཆེན་པོའི་ཐོག་ནས་བྱས་པ་དེ་ལ་བསམ་པའི་ཐོག་ནས་ལྕི་བ་ཟེར། སྦྱོར་བའི་སྒོ་ནས་ལྕི་བ་ནི་དཔེར་ན་སེམས་ཅན་ཞིག་ལ་སྡུག་པོ་ཞེ་དྲག་བཏང་ནས་བསད་པ་དང་ལམ་སེང་བསད་པ་གཉིས་བསྡུར་ན་ལམ་སེང་བསད་པ་དེ་ཡང་བ་ཡོད། ཐབས་ཤེས་མང་པོས་སྡུག་པོ་བཏང་བའམ་རྒྱུ་དངོས་འཕྲོག་པ་སོགས་ཀྱང་དེ་ལྟར་ཡིན། སྦྱོར་བ་ཇི་ཙམ་གནག་པ་དང་རྩུབ་པ་དེ་ཙམ་གྱིས་ལྕི་བ་ཡོད་པར་འདོད།


༼༣༽ སྙིང་པོ་མེད་པའི་ཐོག་ནས་ལྕི་བ་ནི་སོ་སོས་སྡིག་པ་བསགས་པ་དེར་འགྱོད་པ་མེད་པར་ད་དུང་འགྲིག་སོང་སྙམ་པ་བྱས་པ་དེ་ལ་སྙིང་པོ་མེད་པ་སྟེ་འགྱོད་པ་མེད་པའི་ཐོག་ནས་ལྕི་བ་ཟེར།


༼༤༽ ཞིང་གི་སྒོ་ནས་ལྕི་བ་ནི་སྡིག་པ་བསག་ཡུལ་ཏེ་རང་གི་ཕ་མ་དང་། བླ་མ། དགེ་རྒན། ནད་པ་སོགས་བསད་པ་ལ་ཟེར། ཞིང་ཁྱད་པར་ཅན་ལྔ་སྟེ་ཕ་མ་གཉིས། བླ་མ་དང་དགེ་རྒན། ནད་པ་ཉམ་ཐག་པ། བྱང་ཆུབ་སེམས་དཔའ་སོགས་བསད་པ་ཡིན་ན་ཉེས་པ་ཧ་ཅང་ཆེ་བ་ཡིན། སྤྱིར་བཏང་མི་ལ་ཚིག་རྩུབ་བཤད་པ་དང་རང་གི་ཕ་མ་དང་། དགེ་རྒན་སོགས་ལ་ཚིག་རྩུབ་བཤད་པ་མི་འདྲ་བར་དེ་ཉེས་པ་ཆེ་བར་འདོད།


༼༥༽ དུས་རྟག་ཏུ་བྱེད་པའི་ལྕི་ཡང་གི་ཁྱད་པར་ནི་ཉེས་པའི་ལས་དུས་རྒྱུན་དུ་བྱེད་མཁན་དང་སྐབས་རེ་མ་གཏོགས་མི་བྱེད་མཁན་གཉིས་བསྡུར་ན་རྒྱུན་དུ་བྱེད་མཁན་དེ་ཉེས་པ་ཆེ་བ་ཡོད་པས་ཡིན།


༼༦༽ རྟེན་གྱི་སྒོ་ནས་ལྕི་བ་ནི་སྤྱིར་བཏང་སྡོམ་པ་མེད་མཁན་གྱི་མི་ལས་སྡོམ་པ་ཡོད་མཁན་གྱི་མིས་བྱས་པ་དེ་ཉེས་པ་ཆེ་བ་ཡོད། སྡོམ་པ་ཡོད་པའི་ནང་ཆ་བཞག་ན་དགེ་བསྙེན་གྱིས་བྱས་པ་ལས་དགེ་ཚུལ་གྱིས་བྱས་པ་སྡིག་པ་ཆེ་བ་ཡོད་པ་དང་། དགེ་ཚུལ་གྱིས་བྱས་པ་ལས་དགེ་སློང་གིས་བྱས་པ་སྡིག་པ་ཆེ་བ་ཡོད་པ། དགེ་སློང་གིས་བྱས་པ་ལས་བྱང་ཆུབ་སེམས་དཔས་བྱས་པ་སྡིག་པ་ཆེ་བ་ཡོད་པ། བྱང་ཆུབ་སེམས་དཔས་བྱས་པ་ལས་གསང་སྔགས་ཀྱི་ཆོས་བྱེད་མཁན་གྱིས་བྱས་པ་དེ་སྡིག་པ་ཆེ་བ་ཡོད་པར་བརྟེན་སྡིག་པ་བྱེད་མཁན་སོ་སོའི་ལུས་རྟེན་གྱི་ཐོག་ནས་ཁྱད་པར་ཡོད་པ་དེ་ལ་ཟེར། དགེ་བའི་ཐོག་ནས་བཤད་ན་སྤྱིར་བཏང་གི་མི་ལ་དགེ་བ་དང་སྦྱིན་པ་བཏང་བ་ལས་རང་གི་ཕ་མ་དང་། བླ་མ། དགེ་རྒན། ནད་པ། གྲྭ་པ་བཅས་ལ་ཕན་ཐོགས་བྱས་པ་དང་ཞབས་ཕྱི་ཞུས་ན་སྟོབས་ཆེ་བར་ཡོད་པར་འདོད་པ་དང་། སྡོམ་པ་མེད་མཁན་མི་ཞིག་གིས་ཆོས་བྱས་པ་ལས་སྡོམ་པ་ཡོད་མཁན་ཞིག་གིས་ཆོས་བྱས་ཚེ་ཕན་ཐོགས་ཆེ་བ་དང་བསོད་ནམས་ཆེ་བ་ཡོད་ཟེར། སྡོམ་པ་ཡོད་མཁན་ནང་དུ་ཆ་བཞག་ན་དགེ་བསྙེན་གྱིས་ཆོས་བྱས་པ་ལས་དགེ་ཚུལ་གྱིས་ཆོས་བྱས་པ་དེ་ནུས་པ་ཆེ་བ་དང་། དགེ་ཚུལ་གྱིས་ཆོས་བྱས་པ་ལས་དགེ་སློང་གིས་ཆོས་བྱས་པ་དེ་ནུས་པ་ཆེ་བ། དགེ་སློང་གིས་ཆོས་བྱས་པ་ལས་བྱང་ཆུབ་སེམས་དཔས་ཆོས་བྱས་པ་ནུས་པ་ཆེ་བ། བྱང་ཆུབ་སེམས་དཔས་ཆོས་བྱས་པ་ལས་གསང་སྔགས་ཀྱི་སྡོམ་པ་ཡོད་མཁན་གྱིས་ཆོས་བྱས་ན་ནུས་པ་ཆེ་བ་ཡོད། དེ་བཞིན་མི་ལ་དངོས་པོའི་ཐོག་ནས་སྦྱིན་པ་བཏང་བ་ལས་ཆོས་ཀྱི་སྦྱིན་པ་བཏང་བ་དེ་བསོད་ནམས་ཆེ་བ་ཡོད་པ་དང་། ཞིང་ཆེན་པོ་ལྔ་ལ་སྨོན་ལམ་རྒྱག་པ་ལས་ཁོང་ཚོས་གསུངས་པ་དེ་ཅི་གསུངས་བཀའ་སྒྲུབ་ཞུས་ན་སྟོབས་ཆེ་བ་ཡོད། དེ་བཞིན་བསམ་བློའི་ཐོག་ནས་བཤད་ན་བསམ་བློ་སྤྱིར་བཏང་སྟེ་སངས་རྒྱས་ལ་མཆོད་པ་ཕུལ་ན་བསོད་ནམས་ཆེན་པོ་ཡོང་སྙམ་ནས་མཆོད་པ་ཕུལ་བ་ལས་བྱང་ཆུབ་ཀྱི་སེམས་བྱས་ནས་མཆོད་པ་ཕུལ་བ་དེ་བསོད་ནམས་ཆེ་བ་ཡོད་པར་འདོད། གོང་གསལ་ནི་སྟོབས་ཆེ་ཆུང་གི་ཁྱད་པར་སྐོར་ཡིན།


༤. དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་སྟེ། དེའང་ལས་དགེ་དང་མི་དགེ་བ་གཉིས་ཀར་འབྲས་བུ་མི་འདྲ་བ་གསུམ་རེ་ཡོད་དེ། ༼༡༽ རྣམ་སྨིན་གྱི་འབྲས་བུ། ༼༢༽ རྒྱུ་མཐུན་གྱི་འབྲས་བུ། 


༼༣༽ བདག་པོའི་འབྲས་བུ་བཅས་ཡོད། དེ་ལས་རྣམ་སྨིན་གྱི་འབྲས་བུ་ལ་ཆ་བཞག་ན་དཔེར་ན་མི་དགེ་བ་བཅུའི་ནང་གི་སྟོབས་ཆེན་པོ་ཞིག་བྱས་པ་ཡིན་ན་དམྱལ་བ་ལ་སྐྱེ་བ་དང་། སྟོབས་འབྲིང་ཞིག་བྱས་ཚེ་ཡི་དྭགས་ལ་སྐྱེ་བ། སྟོབས་ཆུང་བ་ཞིག་བྱས་ཚེ་དུད་འགྲོ་ལ་སྐྱེ་བ་དེ་ལ་རྣམ་སྨིན་གྱི་འབྲས་བུ་ཟེར། ལས་དགེ་བ་ལ་བཤད་ན་དགེ་བ་སྟོབས་ཆེན་པོ་བྱས་ཚེ་ལྷ་དང་མི་ལ་སྐྱེ་བ་དང་། སྟོབས་ཆུང་ཆུང་ཞིག་ལས་མེད་ཚེ་ལྷ་དང་མིའི་རིགས་ལས་དཔལ་འབྱོར་ཆེ་ཆུང་དང་ཚེ་རིང་ཐུང་སྣ་ཚོགས་ཀྱི་ཁྱད་པར་ཡོད་པ་དེ་ནི་རྣམ་སྨིན་གྱི་འབྲས་བུ་ཡིན། རྒྱུ་མཐུན་གྱི་འབྲས་བུར་མྱོང་བ་རྒྱུ་མཐུན་དང་བྱེད་པ་རྒྱུ་མཐུན་ཏེ་ནང་གསེས་གཉིས་ཡོད། མྱོང་བ་རྒྱུ་མཐུན་ནི་སྲོག་གཅོད་བྱས་ཏེ་ཕར་ཕྱོགས་འཆི་བའི་དུས་ལ་མ་སླེབས་གོང་ནས་ཤི་རུ་བཅུག་སྟབས་དེའི་འབྲས་བུ་ལ་རང་སྐྱེ་བ་གང་དུ་བླངས་ནའང་ཚེ་ཐུང་ཐུང་ཞིག་ལས་མི་ཡོང་བར་གཞན་ལ་གང་མྱོང་དུ་བཅུག་པ་ཇི་མ་ཇི་བཞིན་རང་ཉིད་མྱོང་དགོས་པས་དེ་ལ་མྱོང་བ་རྒྱུ་མཐུན་ཟེར། དགེ་བའི་ངོས་ནས་བཤད་ན་ཕར་ཕྱོགས་ཀྱི་སྲོག་སྐྱབས་ནས་ཚེ་རིང་པོ་བྱུང་བ་དེ་ནང་བཞིན་རང་ཉིད་ཀྱང་འབྲས་བུ་ཚེ་རིང་པོ་ཡོང་བ་དེ་ལའང་མྱོང་བ་རྒྱུ་མཐུན་ཟེར། དཔེ་དེ་དང་འདྲ་བར་མི་གཞན་གྱི་རྒྱུ་དངོས་འཕྲོག་ཚེ་རང་སྐྱེ་བ་རྗེས་མར་དབུལ་པོ་ཆགས་རྒྱུ་ཡིན་པ་དང་གཞན་ལ་སྦྱིན་པ་བཏང་ཚེ་རང་ཚེ་རྗེས་མར་ལོངས་སྤྱོད་ཆེན་པོ་ཡོང་བ་སོགས་ཚང་མ་མྱོང་བ་རྒྱུ་མཐུན་ཡིན། གཞན་ཡང་ད་དུང་ཚེ་འདིར་མི་དང་མཐུན་པོ་བྱུང་ན་ཚེ་རྗེས་མར་ཡང་མི་དང་མཐུན་པོ་ཡོང་བ་དང་། ཚེ་འདིར་གཞན་ལ་ཚིག་རྩུབ་པོ་བཤད་ན་ཚེ་རྗེས་མ་མདོག་ཧ་ཅང་ཉེས་པོ་ཡོང་རྒྱུ་ཡིན་པ། ཚེ་འདིར་གཞན་ལ་སྐད་ཆ་འཇམ་པོ་བཤད་ཚེ་སྐྱེ་བ་རྗེས་མ་རང་མཛེས་པོ་དང་ཚང་མས་མཐོང་འདོད་པོ་ཡོང་བ། ཚེ་འདིར་མིའི་རྒྱུ་ལ་བརྣབ་སེམས་བྱས་ན་ཚེ་རྗེས་མ་རང་ལ་རྒྱུ་ཇི་ཙམ་བྱུང་ཡང་ཆོག་ཤེས་མེད་པ། ཚེ་འདིར་ལོག་ལྟ་བྱས་ན་ཚེ་རྗེས་མ་སྐྱེ་བ་གང་བླངས་ནའང་བསམ་བློ་ཟང་ཟིང་དང་གཏན་འཁེལ་མེད་པ་ཆགས་འགྲོ་བའམ་སྡུག་བསྔལ་བཟོད་ཐབས་མེད་པ་མྱོང་དགོས་པ། ཡོན་ཏན་སྦྱངས་ཀྱང་མི་ཤེས་པ་སོགས་ཡོང་རྒྱུ་ཡོད་པ་དེ་དག་ཀྱང་མྱོང་བ་རྒྱུ་མཐུན་ཡིན་ཟེར།བྱེད་པ་རྒྱུ་མཐུན་ནི་རང་གི་ཚེ་འདི་ལ་སེམས་ཅན་སྲོག་གཅོད་ཀྱི་བྱ་བ་བྱས་ཚེ་སྐྱེ་བ་ཕྱི་མ་མི་དང་སྲོག་ཆགས་གསོད་རྒྱུར་དགའ་པོ་ཡོད་པ་ལྟ་བུ་སྟེ། དགེ་བ་དང་མི་དགེ་བ་གང་ཞིག་བྱས་ནའང་དེའི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་དེ་ལ་སྐྱེ་བ་རྗེས་མ་རང་ཆུང་ཆུང་སྐབས་ནས་རང་བཞིན་གྱིས་དགེ་དང་མི་དགེ་བའི་བྱ་བ་བྱེད་འདོད་པ། དཔེར་ན་ཕྲུ་གུ་ཆུང་ཆུང་ནས་འབུ་དང་བྱི་བ་གསོད་ཡས་ལ་ཞེད་སྣང་མེད་པ། ཡང་ཁ་ཤས་ནི་ཆུང་ཆུང་ནས་ཡོན་ཏན་སློབ་ཡས་ལ་ཧ་ཅང་བརྩོན་འགྲུས་ལྡན་པ་སོགས་མང་པོ་ཡོད་པ། དེ་ཚོ་ནི་བྱེད་པ་རྒྱུ་མཐུན་ཟེར་བ་དེ་རེད་ཟེར། མྱོང་བ་རྒྱུ་མཐུན་དང་བྱེད་པ་རྒྱུ་མཐུན་གཉིས་བསྡུར་ན་བྱེད་པ་རྒྱུ་མཐུན་དེ་ཧ་ཅང་སྡུག་པ་ཡོད་ཟེར། བྱེད་པ་རྒྱུ་མཐུན་ནི་སྐྱེ་བ་སྔོན་མ་གང་བྱས་རུང་སྐྱེ་བ་རྗེས་མ་དེ་རང་མུ་མཐུད་བྱེད་དགོས་པ་དེའི་དཔེ་དེ་ཕྲུ་གུ་ཆུང་ཆུང་སྐབས་ནས་རྫུན་ཤོད་པ་དང་རྐུན་མ་བརྐུ་བ། དེ་བཞིན་ཡང་སེམས་པ་བཟང་པོ་མི་ལ་ཕན་སེམས་ཡོད་པ། ཡོན་ཏན་ལ་བརྩོན་པ་གང་བསླབ་པ་ཤེས་ཐུབ་པ་ནི་བྱེད་པ་རྒྱུ་མཐུན་ཟེར་བ་དེ་ཡིན་ཟེར། བདག་པོའི་འབྲས་བུ་ནི་དཔེར་ན་སྲོག་གཅོད་ཤུགས་ཆེ་བྱས་ཚེ་རང་སྡོད་སའི་ཡུལ་གྱི་སྨན་ལའང་ནུས་པ་ཆེན་པོ་མེད་པ་དང་། ཟ་རིགས་དང་འཐུང་བྱ་སོགས་ཀྱང་རང་གི་ལུས་པོར་མི་འཕྲོད་པ་ལྟ་བུ། རྐུན་མ་བརྐུས་པའི་འབྲས་བུར་རང་གི་ལུང་པར་ཐན་པ་གཏོང་བའམ་གནས་ཚུལ་གཞན་གྱི་དབང་གིས་སྟོན་འབྲས་ཡག་པོ་མི་ཡོང་བ། གཞན་གྱི་ཆུང་མར་ལོག་གཡེམ་བྱས་པའི་འབྲས་བུར་རང་སྐྱེ་བ་རྗེས་མར་ས་ཆ་བཙོག་པ་ཁོ་ནའི་འགྲམ་དུ་གནས་སྡོད་བྱེད་དགོས་པ། རྫུན་བཤད་པའི་འབྲས་བུར་རང་གི་ལུང་པ་ལ་རྩྭ་དང་ཤིང་མེད་པ། ས་འཁོད་མི་སྙོམས་པ། རྡོ་དང་འཚེར་མ་མང་བ། ང་རྒྱལ་བྱས་པའི་འབྲས་བུར་འབྲས་ལྡན་ཤིང་ལ་འབྲས་བུ་མི་བཏགས་པ་སོགས་ཡོང་བ་དེ་དག་བདག་པོའི་འབྲས་བུ་ཡིན་ཟེར།




阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章