ཞི་ཅིན་ཕིང་ནས་དམག་དོན་རིཊ་པའི་གཞུང་ལུཊ་ལས་དོན་ཐད་མཛུབ་སྟོན་གནང་།
དམག་ཡོངས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་ཚོགས་འདུ་ཟླ་10ཚེས་14ནས་15ཉིན་བར་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཡོད། ཁོང་གིས། དམག་དོན་རིགས་པའི་གཞུང་ལུགས་དེང་རབས་ཅན་དུ་འགྱུར་རྒྱུ་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་འཕེལ་རྒྱས་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། དུས་རབས་གསར་པའི་རྒྱང་ལམ་གསར་པར། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་། དམག་དོན་གསར་བརྗེ་གསར་པ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ། རང་རྒྱལ་གྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་དགོས་མཁོར་འགྱུར་ལྡོག་གཏིང་ཟབ་འགྲོ་བ། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་བས་ཁ་ཚ་དགོས་གཏུགས་སུ་གྱུར་བ་བཅས་ཡིན་པས། ངེས་པར་དུ་དམག་དོན་རིགས་པའི་གཞུང་ལུགས་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་མི་དམངས་དམག་དཔུང་འཛུགས་སྐྱོང་གི་ལག་ལེན་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་དམག་དོན་རིག་གནས་ཀྱི་སྙིང་བཅུད་བསྡུ་ལེན་བྱེད་པ། གཡུལ་སར་ཕྱོགས་པ་དང་དཔུང་སྡེར་ཕྱོགས་པ། འབྱུང་འགྱུར་ལ་ཕྱོགས་པ་བཅས་མཐའ་འཁྱོངས་བྱེད་པ། ཚན་རྩལ་གྱི་འགྱུར་ལྡོག་དང་དམག་འཁྲུག་གི་འགྱུར་ལྡོག འགྲན་ཡའི་འགྱུར་ལྡོག་བཅས་ལ་དམ་པོར་དམིགས་པ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་གི་དམག་འཛུགས་དམག་གྲབས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པ། དམག་དོན་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་རྩེ་རིམ་ཇུས་འགོད་ལེགས་སུ་གཏོང་བ། དམག་དོན་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དཔེ་དབྱིབས་ལེགས་སུ་གཏོང་བ། དམག་དོན་རིགས་པའི་གཞུང་ལུགས་ཀྱི་བརྗེ་སྒྱུར་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྱོང་བྱས་ཏེ། དམག་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་མགྱོགས་མྱུར་བསྐྲུན་ཆེད་ཚན་རིག་དང་མཐུན་པའི་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཚོགས་འདུའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཐོག འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་གཞིགས་པ་དང་། དམག་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུར་དམིགས་ཏེ། དམག་དོན་རིགས་པའི་གཞུང་ལུགས་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བའི་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། དུས་རབས་གསར་པའི་དམག་འཁྲུག་དང་དམག་འཐབ་ཀྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་ནང་དོན་མ་ལག་འཛུགས་པ་དང་རྩ་འཛུགས་དོ་དམ་མ་ལག་འཛུགས་པ། ཞིབ་འཇུག་སྟོབས་ཤུགས་མ་ལག་འཛུགས་པ་དང་སྟོབས་ཆེར་གཏོང་བ། སྲིད་ཇུས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་གཙོ་གནད་ཐོག་ཚད་བརྒལ་ཡོང་བ་བཅས་བྱས་ནས། དུས་རབས་གསར་པའི་རྒྱང་ལམ་གསར་པའི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་བླང་བྱ་བཏོན་གནང་ཡོད།
ཚོགས་འདུའི་ཐོག་དམག་དོན་རིགས་པའི་གཞུང་ལུགས་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བའི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་དང་། ལས་འགན་ཁག་བགོས་དང་དོན་འཁྱོལ་བྱ་ཐབས་ཞིབ་ཕྲ་དང་ཁ་གསལ་བཟོས་པ། ཚན་པ་དྲུག་གིས་ཚོགས་འདུའི་ཐོག་སྤེལ་རེས་གཏམ་བཤད་བྱས་ཡོད།
དམག་དོན་ཨུ་ལྷན་ལས་ཁུངས་ཀྱི་པུའུ་དང་ཨུ་ལྷན་ཁག་དང་། དམག་དོན་ཨུ་ལྷན་གྱི་ཐད་གཏོགས་ལས་ཁུངས་ཁག དམག་དོན་ཨུ་ལྷན་གྱི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས། འཐབ་ཁུལ་ཁག དམག་དཔུང་གི་དམག་རིགས་ཁག དམག་དོན་ཨུ་ལྷན་གྱི་ཐད་གཏོགས་ཚན་པ་ཁག དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།