བར་དོའི་ཐོས་གྲོལ་ཆེ་མོ་སྣ་འཛོམས། སྒྲ་བརྙན་ངོ་སྤྲོད་ཕྱོགས་བསྡུས།

乐活   2024-08-26 21:50   青海  

 བར་དོ་དྲུག་གི་རྩ་ཚིག་ལ་འགྲེལ་པ་ལས་དང་པོ་པའི་སྤྱོད་ཡུལ་ཞེས་བྱ་བ།

མཇད་པ་པོ། བན་ཆེན་སངས་རྒྱས་མཉན་པ་རིན་པོ་ཆེ། 


༡ ༽ ཀྱེ་མ་བདག་ལ་སྐྱེ་གནས་བར་དོ་འཆད་དུས་འདིར༔  ཚེ་ལ་ལོང་མེད་ལེ་ལོ་སྤང་བྱས་ནས༔  ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔   སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་སྦྱངས༔  མི་ལུས་ལན་གཅིག་ཐོབ་པའི་དུས་འདིར༔  ཡེངས་པའི་ལམ་ལ་སྡོད་པའི་དུས་མ་ཡིན༔            ཀྱེ་མ་ཞེས་གདུང་བའི་འོ་དོད་ཀྱིས་བོས་ཏེ། བདག་ལ་སྐྱེ་གནས་ཀྱི་བར་དོ་ཞེས་པ་སྟེ་སྒྱུ་ལུས་འདི་ཉིད་མ་ཡི་མངལ་ནས་བྱུང་བའི་དུས་ནས་བཟུང་། ནམ་འཆི་བའི་རྐྱེན་གྱིས་མ་འཇིག་གི་བར་འདིར་ཟེར་བ་ཡིན། དེ་ཡང་གང་ཟག་མཆོག་རབ་ཀྱི་སྐལ་ལྡན་དག་དང་། ཐ་མལ་པའི་གང་ཟག་སོགས་ཀྱི་ཁྱད་པར་ཐ་དད་པའི་དབང་གིས། སྐྱེ་གནས་བར་དོ་འཆར་ཚུལ་སོ་སོར་སྣང་ཞིང་། སྐལ་པ་མཆོག་ལྡན་རྣམས་ལ་སྣོད་བཅུད་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་རྟོགས། ནང་རྟོག་ཚོགས་ཅི་ཤར་ཡེ་ཤེས་ཀྱི་འཁོར་ལོར་སད་པས་སྣང་སྲིད་དག་པ་རབ་འབྱམས་སུ་གྲགས། དེ་ལྟར་མ་རྟོགས་པའི་གང་ཟག་ཐ་མལ་པ་རྣམས་སྐྱེས་ནས་འཆི་ནད་ཀྱིས་མ་གཙེས་བར་ལྟར་སྣང་ལ་བདེན་ཞེན་འཁྲུལ་པའི་ཨ་འཐས་ཀྱི་རྗེས་སུ་སོང་སྟེ་འཕྱན་པ་འདི་ལྟ་བུ་རྣམས་ཡིན་པས་འདི་ལམ་དུ་འཁྱེར་བའི་ཐབས་སམ་གདམས་ངག་ནི། དེ་ལྟར་སྐྱེ་གནས་བར་དོ་འཆར་དུས་འདིར། ཚེ་འདིའི་ཞེན་འཁྲིས་བཅད་དེ་ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད་ཀྱིས་ཚེ་ལ་ལོང་མེད་པར་ཤེས་པས། སྒྱིད་ལུག་སོགས་ཀྱི་ལེ་ལོ་རྣམ་གཡེང་སྤང་བར་བྱས་ཏེ། དགེ་བའི་བཤེས་གཉེན་བསྟེན། རྒྱལ་བའི་བསྟན་པ་ལ་འཇུག་པའི་ལམ་གྱི་རིམ་པ་མཐའ་དག་ལ་ཐོས་བསམ་ཕྱོགས་མེད་དུ་བྱས་ནས། དེ་དག་རྒྱུད་ལ་ལེགས་པར་བཀལ་བའི་སྒོམ་བསླབ་ཅིང་། དེ་ཀུན་ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་རྒྱུར་མི་འགྲོ་བར་མ་ཡེངས་པའི་དྲན་པ་ཡང་དག་གི་ལམ་ལ་འཇུག  གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་རྩལ་སྦྱོང་ལ་བསྣུན་པས་སྣང་སེམས་ལམ་དུ་སློང་ཐུབ་ཅིང་། དེས་མ་དག་འབྱུང་འདུས་ཀྱི་ཕུང་པོ་དྭངས་མ་མི་ཤིགས་པའི་ལུས་ཀྱི་གནས་སུ་སྨིན། ནང་རིག་པ་སེམས་ཆོས་སྐུ་སྐྱེ་བ་མེད་པའི་ངང་དུ་རོ་གཅིག་ཏུ་གྱུར་ཅིང་། གཞི་ཡི་སྐུ་གསུམ་མངོན་གྱུར་སྦྱངས་པས། འབྲས་བུའི་སྐུ་གསུམ་ཡིད་སྨོན་དུ་མ་ལུས་པར། ལན་གཅིག་འཐོབ་པའི་མི་ལུས་གཙང་མ་འདི་ད་ལན་འཐོབ་ཟིན་པའི་དུས་ཚོད་འདིར་ཆུད་ཟོས་སུ་མི་བཏང་བར་དགོས་པས་ཡེངས་མ་ལམ་ལ་སྡོད་པའི་དུས་མ་ཡིན་པར་ཤེས་དགོས་སོ།། ༢ ༽ ཀྱེ་མ་བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར༔  གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས་༔  དྲན་པ་ཡེངས་མེད་གནས་ལུགས་ངང་ལ་འཇོག༔  རྨི་ལམ་བཟུང་ལ་སྤྲུལ་སྒྱུར་འོད་གསལ་སྦྱངས༔  དུད་འགྲོ་བཞིན་དུ་ཉལ་བར་མི་བྱ་བར༔  གཉིད་དང་འོད་གསལ་འདྲེས་པའི་ཉམས་ལེན་གཅེས༔         ཀྱེ་མ་ཞེས་ཡུལ་དམ་པ་རྣམས་ལ་འབོད་པའི་སྨྲེ་ངག་གིས་དྲངས་ཏེ། བདག་སོགས་སེམས་ཅན་རྣམས་ལ་རྨི་ལམ་བར་དོ་འཆར་དུས་འདིར་ཞེས། ཚེ་འདིར་ལུས་ངག་ཡིད་ཀྱི་སྤྱོད་པ་ཅི་བྱེད་ཐམས་ཅད་སྣང་ཙམ་དང་། རྐྱེན་ཉིད་འདི་པ་ཙམ་དུ་དཔེ་རྨི་ལམ་དང་སྒྱུ་མའི་ཚུལ་ལ་འདུན་པ་ཡང་ཡང་དང་འདུན་པ་དེ་ཉིད་བརྟན་པོར་རྒྱུད་ལ་ངམ་ངམ་གྱིས་མ་ཚུགས་བར་དུ་བསླབ་དགོས། ཐ་མལ་པའི་སྐྱེ་བོ་ཕལ་ཆེ་བ་རྣམས་འདིར་སྣང་གི་ཚེ་ལ་བདེན་འཛིན་གྱིས་འདི་མངོན་སུམ་ཡིན་ནོ། འདི་ལྟར་སྣང་མ་ཡིན་ནོ་ཞེས་པའི་དམ་ཞེན་དུ་སོང་ནས་ཚེ་རྟག་འཛིན་གྱི་དྲྭ་བས་འཐུམ་ནས་རྨོངས་པས། ཇི་ཙམ་བར་དོ་ཟིན་པའི་ཐབས་ལ་བསླབ་ནའང་དེ་ཚུལ་བཞིན་ཟིན་པའི་ཐབས་རྩ་བ་ནས་ཟད་པ་ཡིན། དེས་ན་ཕྱི་ནང་གི་རྐྱེན་གང་ཞིག་དང་འཕྲད་ནའང་རྨི་ལམ་དང་སྒྱུ་མའི་ཚུལ་གྱིས་འདུན་པ་ལ་ནན་ཏན་སྦྱང་། བདག་ཉིད་ཚེ་འཕོས་ནས་ད་བར་དོར་སྐྱེས་འདུག་བསམ། མཛེས་སྡུག་བཟང་ངན་སོགས་ཕྱིའི་སྣང་བ་ཅི་ཤར་དང་། དགེ་སྡིག་བླང་དོར་སོགས་ནང་གི་སྣང་བ་ཅི་ཤར་ཀུན་བར་དོའི་སྣང་བ་ལས་མ་འདས་རྐྱེན་སྣང་སྣ་ཚོགས་འཆར་ཐོག་དྲན་ཤེས་ཀྱིས་ཟིན་པའི་ཉམས་ལེན་འདི་དང་འདི་བཞིན་བྱ་སྙམ་པའི་དྲན་པ་རྒྱུན་ཆགས་སུ་བསྟེན་ན་བར་དོ་མི་འབྱོང་བའི་ཐབས་མེད་པས། རྨི་ལམ་གྱི་གདམས་ངག་ལ་རྩལ་འཐོན་པ་དགོས། དེ་ལ་བག་ཆགས་ངན་གོམས་ཀྱི་གཏི་མུག་གིས་དབང་དུ་བསྒྱུར་ཏེ་རོ་ཉལ་དང་། བག་མེད་པའི་སྤྱོད་པ་ཁ་ན་མ་ཐོ་བ་དག་རྒྱང་རིང་དུ་སྤངས་བྱས་ནས། གང་ལ་འཛིན་པ་མེད་པས་དྲན་པ་ཡེངས་མེད་དེ་རང་རིག་བློ་འདས་གདོད་མའི་ཆོས་ཉིད་ཀྱི་གནས་ལུགས་ངང་དུ་ལ་ཟླ་ཞིང་སྐྱོང་བས་མི་གནས་མི་འདའ་བ་འཇོག  དེའི་བོག་འདོན་ལ་ད་ལྟའི་རྨི་ལམ་རང་ག་བ་འདི་ཉིད་ལ་གནད་དུ་བསྣུན་ཏེ་ཡེངས་མེད་རྗེས་བཅད་དུ་བཟུང་ལ་རྨི་ལམ་སྤྲུལ་སྒྱུར་གྱི་རྩལ་སྦྱོངས་དང་། བདེ་སྟོང་ཕྱག་ཆེན་ལྷན་སྐྱེས་ཡེ་ཤེས་འོད་གསལ་གྱི་ངང་དུ་མཉམ་པར་བཞག་སྟེ། གཞི་འབྲས་ཀྱི་འོད་གསལ་གཅིག་ཏུ་མ་འབྱམས་བར་སྦྱངས་ལ། རྣམ་གཡེང་དང་སྙོམས་ལས་ཀྱིས་དུད་འགྲོ་བཞིན་དུ་ཉལ་བར་མི་བྱ་བར། ཉལ་བ་གཉིད་དང་འོད་གསལ་དབྱེར་མེད་མི་ཕྱེད་པར། དང་པོའི་ཆོས་ཉིད་དམ་གཞི་གནས་ཀྱི་འོད་གསལ་གྱི་ངང་དུ་གཉིད་མ་འདྲེས་བར་ཉམས་ལེན་ངང་གཞག་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བསླབ་པ་གཅེས། ། ༣ ༽ ཀྱེ་མ་བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་པའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇུག༔  བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ༔  བྱ་བ་སྤངས་ནས་རྩེ་གཅིག་སྒྲུབ་དུས་འདིར༔  ཉོན་མོངས་འཁྲུལ་པའི་དབང་དུ་མ་བཏང་ཤིག༔       ཀྱེ་མ་ཞེས་འོ་དོད་ཀྱིས་བོས་ཏེ། བདག་སོགས་སེམས་ཅན་ཐམས་ཅད་ལ། བསམ་གཏན་བར་དོའི་སྣང་ཚུལ་འཆར་བའི་དུས་འདིར། སྟོང་གསལ་རང་རིག་དྲན་པའི་ངང་དུ་རྩོལ་མེད་དུ་འབྱམས་པ་ལ། བདེ་གསལ་མི་རྟོག་པའི་གནད་ལ་བསྣུན་ཏེ་དེ་དག་གི་སྐྱོན་གསུམ་ལས་གྲོལ་དགོས། ཐ་མལ་པའི་དུས་ཀྱི་རྣམ་པར་རྟོག་པ་ལུ་གུ་རྒྱུད་དུ་འཕྲོ་བ་དེ་དོན་དུ་གནས་ལུགས་ཀྱི་སེམས་ཁོ་རང་རྣམ་རྟོག་ཏུ་སྣང་བ་ལས་གཞན་མིན་པར་མ་རྟོགས་བར། ཕྱི་རོལ་དུ་རྣམ་པར་གཡེང་བ་དོན་ལ་མེད་བཞིན་ཡོད་པར་འཁྲུལ་པའི་ཚོགས་རྣམས་འབྱུང་ལ། དེ་ཡི་རིང་ཐབས་ཟབ་མོར་བསྟེན་ཏེ། ཕྱི་རོལ་ཚོགས་དྲུག་གི་སྣང་བ་དང་། ནང་རྣམ་རྟོག་གི་རྩལ་གང་ལའང་ཨ་འཐས་ཀྱི་ཞེན་པ་བྲལ་བར་བསླབ་དགོས། འཕྲལ་དུ་གནས་འགྱུ་འཕྲོ་འདུ་བཟང་ངན་གང་ཤར་ལ་དེའི་རང་ངོ་ལ་བལྟ་ཞིང་། ཡུལ་ལ་ཆེད་འཛིན་གྱི་ཞེན་པ་སྤངས་པར་བྱས་ནས། བདེ་བ་ལ་ཡེངས་པ་མེད། གསལ་བར་འཛིན་མེད། མི་རྟོག་པ་མཐའ་དང་བྲལ་བའི་གདེངས་གསུམ་བསྐྱེད་ཅིང་དེའི་ངང་ལ་འཇུག  དེ་ལྟའི་གདེངས་གསུམ་ལ་བརྟན་པ་འཐོབ་པ་དང་། བོག་དབྱུང་། དེ་ནས་རྩལ་འབྱོངས་ནས་མཐར་གྱིས་རང་གིས་གཉུག་མ་ལྷན་སྐྱེས་ཀྱི་རང་འགྲོས་བསྐྱང་བའི་ཕྱིར། ལམ་བསྐྱེད་པའི་རིམ་པ་དང་། འབྲས་བུ་རྫོགས་པའི་རིམ་པ་གཉིས་ལ་བརྟན་པ་འཐོབ། བརྟན་པ་བོགས་དབྱུང་། མཐར་བཙན་ས་ཟིན་ཐུབ་པའི་ལམ་ལ་བརྩོན་དགོས་ཅིང་། དེས་མཆོག་གི་འབྲས་བུ་འཐོབ་པར་བྱ་ངེས། འོན་ཀྱང་ལས་དང་པོ་པ། སྒྲོ་འདོགས་ནང་ནས་མ་ཆོད་བར། ཁ་ན་མ་ཐོ་བའི་བྱ་སྤྱོད་མཐའ་དག་སྤངས་ནས། རྣམ་རྟོག་གང་ཤར་ངོ་ཤེས་པས་རང་གྲོལ་དུ་འགྲོ་བའི་ཐབས་ལ་རྩེ་གཅིག་གིས་སྒྲུབ་དུས་འདིར། སྒོ་གསུམ་རྣམ་པར་གཡེང་ནས་ཉོན་མོངས་འཁྲུལ་པའི་དབང་དུ་མ་བཏང་ཞིག་སྟེ། འཁྲུལ་པའི་རང་་ངོ་ཤེས་པར་བསླབ་དགོས། །། ༤ ༽ ཀྱེ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར༔  ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ལ༔  གདམས་ངག་གསལ་བའི་ལམ་ལ་མ་ཡེངས་འཇུག༔  རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕངས༔  འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔  མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔          ཀྱེ་མ་ཞེས་བོས་ཏེ། འཆི་ཁ་བར་དོ་སྟེ། འཆི་བའི་རྐྱེན་གྱིས་ཟིན་པ་ནས་བཟུང་། བར་དོ་དང་པོ་གཞིའི་འོད་གསལ་ལམ་ཆོས་སྤྱི་ལས་འོད་གསལ་འཆར་ཞེས་གསུངས་པ་དེ། ཆོས་ཉིད་དོན་གྱི་འོད་གསལ་ཡིན་པས་དེ་མ་ཤར་ཚུན་ཆད་ཀྱི་སྐབས་ཡིན། འདི་ལའང་རྣལ་འབྱོར་པ་རབ་རྣམས་ལུས་ཐོག་འདིར་གྲོལ་ཐུབ་པས། དེ་དག་ལ་ནི་བར་དོ་འོག་མ་རྣམས་མི་འབྱུང་ངོ་། གང་ལྟར་ཡང་ལྟ་སྒོམ་གྱི་གདེང་དང་ལྡན་པས་འཆི་སྐབས་གསལ་འདེབས་སོགས་ལ་ལྟོས་མི་དགོས། དེ་མིན་གང་ཟག་ཕལ་པ་སྤྱིའི་འཆི་ལུགས་ཀྱི་འཆར་ཚུལ་ལ། ཕྱི་ཕུང་ཁམས་སྐྱེ་མཆེད་ཐིམ་པ། ནང་རྣམ་རྟོག་ཕྲ་རགས་ཐིམ་པའི་སྐབས། འདུས་བྱས་ཐམས་ཅད་མི་རྟག་པའི་ཚུལ་ལ་ལེགས་པར་བསམ་ཚེ་ངེས་པར་མེད་པས་འཆི་བ་ནམ་འོང་ལ་མི་འཚེར་ཞིང་། འཕྲལ་གྱི་ཟང་ཟིང་ཡོ་བྱད་རིགས་ཀུན་ལ་ཆགས་སེམས་འདོར་ཞིང་། ཕྱི་མ་ལྷ་མིའི་གོ་འཕང་དང་དེའི་བདེ་སྐྱིད་ལ་ཡང་ཞེན་འཛིན་སྤངས་བྱས་ལ། བླ་མ་དམ་པའི་མདུན་ནས་འཐོབ་པའི་གདམས་ངག་ལ་གསལ་འདེབས་ཡང་ཡང་བྱ་དགོས་ལ། དེ་ཡང་འཆི་ཁའི་འཁྲུལ་སྣང་སྟོབས་དབང་བཙན་པས་དེ་དག་གི་རྐྱེན་ངང་དུ་ཡེངས་སུ་མི་འཇུག་པར། ཕྱག་རྫོགས་ཞི་བྱེད་སོགས་ཀྱི་སྙིང་པོ་ཉམས་ལེན་གསལ་སྟོང་དབྱེར་མེད་རང་རིག་གཞི་རྩ་བྲལ་བའི་སེམས་སྐྱེ་མེད་ནམ་མཁའ་ལྟ་བུ་འདི་ཉིད་སྐྱོང་ཞིང་། ཆོས་ཉིད་ཀྱི་དབྱིངས་སུ་ཟླ་བསྒྲིལ་བ་ལ་འཕངས་པའི་ཐ་སྙད་སྦྱར་བ་ཡིན། འབྱུང་བཞི་ཐིམ་ཞིང་འདུས་བྱས་ཤ་ཁྲག་གི་སྒྱུ་ལུས་དང་བྲལ་ལ་ཁད་དང་། སྣང་མཆེད་ཐོབ་གསུམ་ཐིམ་སྟེ་དུག་གསུམ་ལས་གྱུར་པའི་རྟོག་པའི་རང་བཞིན་བརྒྱད་ཅུ་འགགས་ཚེ། མི་རྟག་སྒྱུ་མ་ཡིན་པར་ངེས་ཤེས་བསྐྱེད་པར་བྱའོ།། ༥ ༽ ཀྱེ་མ་བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔  ཀུན་ལ་དངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔  གང་ཤར་རང་སྣང་རིག་པར་ངོ་ཤེས་བྱ༔  བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔   དོན་ཆེན་འགགས་ལ་ཐུག་པའི་དུས་གཅིག་འོང་༔  རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔        ཀྱེ་མ་ཞེས་བོས་ཏེ། བདག་ལ་ཆོས་ཉིད་འོད་གསལ་གྱི་བར་དོ་ཞེས་པ་བར་དོ་དང་པོའི་འོད་གསལ་ཡིན་ལ། དེ་ཡང་ཁམས་དཀར་དམར་ཨ་ཧཾ་ཁ་སྦྱོར་གྱི་བར་དུ། རླུང་དང་རིག་པ་འདུས་པའི་རྐྱེན་གྱིས། གདོད་མའི་གནས་ལུགས་སྤྲོས་བྲལ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ལ་ཟེར་ཞིང་། བླ་མ་རྣམས་ཀྱི་བརྗོད་གཞིའི་ངོས་འཛིན་གཅིག་ནའང་། རྗོད་བྱེད་ལ་ཕྱག་རྫོགས་འོད་གསལ་གསང་སྐོར་བ་སོགས་ལས་མི་འདྲ་བ་གསུངས། ཡུན་རིང་ཐུང་ནི་འདི་རྣམས་འཆི་ཁའི་བར་དོ་ནས་བཟུང་གང་ཟག་སོ་སོའི་རྩ་ཁམས་དང་ནད་རྐྱེན་གྱི་བྱེ་བྲག་སོ་སོས་མཐའ་གཅིག་ཏུ་ངེས་མི་ནུས་ལ། རང་བཞིན་བརྒྱད་ཅུའི་ཐིམ་རིམ་རྣམས་ཀྱང་བྱ་རྫོགས་ཀྱི་སྐད་ཅིག་རེ་ལས་མི་གནས་ཅིང་། ཉམས་ལེན་ཅན་འཆི་བ་ཆོས་སྐུ་ལྷན་སྐྱེས་ཀྱི་ཡེ་ཤེས་ཤར་བ་རྣམས་མ་ཡིན་པ་རྣམས་ལ་ནི་སེ་གོལ་གྱི་ཡུན་ཙམ་ལས་མི་གནས་པ་མང་ལ། རྟོགས་པའི་གདེང་དང་ལྡན་པ་འོད་གསལ་གྱི་ངང་དུ་ཁོར་མོ་ཡུག་ཏུ་མཉམ་པར་འཇོག་ཐུབ་པས། དེའི་རྟགས་ཀྱིས་སྣ་བུག་གཡོན་ས་ཡེ་ཤེས་ཀྱི་རླུང་རྒྱུ་བས། དེ་ལ་བརྟེན་ནས་བྱང་སེམས་དཀར་པོ་ཞེས་མིང་འདོགས་ལ། དོན་དུ་ཡེ་ཤེས་ཀྱི་རླུང་གིས་ཆོས་སྐུའི་རིག་པ་སྤྱི་བོའི་གཙུག་ནས་བརྟོལ་ནས་ཡར་གྱི་ཟང་ཐལ་ཆེན་པོ་འགྲུབ་པ་ཡིན། གང་ལྟར་ད་ལྟ་སྐྱེ་གནས་བར་དོའི་སྐབས་འདིར་ཐ་མལ་གྱི་ཤེས་པའམ་རང་བབས་བཟོ་མེད་ཀྱི་ཤེས་པ་འདི་ལ་བདར་ཤ་ལེགས་པར་བཅད་དགོས་ལ། དེ་ལེགས་པར་གོམས་པས་བར་དོའི་སྣང་བ་སྒྲ་འོད་ཟེར་གསུམ་ཞི་ཁྲོའི་ལྷ་ཚོགས་དང་། ཐིག་ལེའི་ཟེར་ཐག་སོགས་ཅི་ཤར་མཐའ་དག་ལ་འཇིགས་སྐྲག་གི་སྣང་བ་སྤངས་བྱས་ནས། གང་སྣང་ཅི་ཤར་གཞིའི་འོད་གསལ་རང་བྱུང་རིག་པར་ད་ལྟ་ངོ་ཤེས་པར་བྱེད་ཅིང་ལམ་ལ་གནད་དུ་བསྣུན་པ་རབ་ཏུ་སོན་པས་སྣང་བཞི་མཐར་ཕྱིན་ཏེ། ཅིར་སྣང་ལྷ་དང་བླ་མའི་རྣམ་རོལ་དུ་ངེས་ཅིང་། དེ་ཡང་རང་རིག་འོད་གསལ་གཉིས་མེད་རོ་མཉམ་ཆེན་པོར་གྲོལ་བས་འདི་ཕྱི་བར་དོའི་སྣང་ཚུལ་ཁྱད་མེད་དུ་ངོ་ཤེས་པས། གཏན་གྱི་འདུན་མའི་དོན་ཆེན་འགག་ལ་ཐུག་པའི་དུས་དེར་གཞི་གནས་ཀྱི་སྙིང་པོ། ལམ་གྱི་རང་རིག་གི་འགྲོས། འབྲས་བུ་མངོན་གྱུར་གྱི་སངས་རྒྱས་གསུམ་དབྱེར་མེད་དུ་ད་ལྟའི་རིག་པའི་ངང་དུ་རྟོགས་ནས་རང་སྣང་ཞི་ཁྲོའི་ཚོགས་ལ་མི་འཇིགས་པར་ངོ་ཤེས་པས་བར་དོ་མེད་པར་སྟན་ཐོག་དེ་ཉིད་དུ་གྲོལ་བར་གྱུར་རོ།། ༦ ༽  ཀྱེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔  འདུན་པ་རྩེ་གཅིག་སེམས་ལ་གཟུང་བྱས་ནས༔  བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔  མངལ་སྒོ་དགགས་ནས་རུ་ལོག་དྲན་པར་བྱ༔  སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔  མིག་སེར་སྤངས་ནས་བླ་མ་ཡབ་ཡུམ་སྒོམ༔        ཀྱེ་མ་ཞེས་བོས་ཏེ། དེ་ལ་གང་ཞིག་འཆི་བའི་དུས་བྱས་ནས། ཆོས་ཉིད་འོད་གསལ་དང་དེའི་རྩལ་ལམ་རོལ་པར་སྒྲ་འོད་ཟེར་ལ་སོགས་པ་འཆར་བ། རང་ངོ་མ་ཤེས་པས་འཁྲུལ་སྣང་གི་གཟེབ་ཏུ་ཆུད་པ་ནས་བཟུང་། སྐྱེ་གནས་ཕྱི་མ་འགོ་མ་ཟིན་གྱི་བར་དེར་སྲིད་པ་ལས་ཀྱི་བར་དོ་ཞེས་འབོད། ཉམས་ལེན་གྱི་གནད་དང་མི་ལྡན་པ་དག་ལ་འཕོ་བ་བཏབ་ཀྱང་འཕོ་ཐུབ་པ་དཀའ་ཞིང་། དེས་ན་འབྱུང་བ་ཐིམ་རིམ་དག་གི་འཁྲུལ་སྣང་གི་དུཿཁ་རྣམས་བགྲོད་དེ་སྐབས་དེར་གཞིའི་འོད་གསལ་སླར་འཆར་བར་གསུངས་པ། གང་ལྟར་རང་ངོ་མ་ཤེས་པས་རྣམ་ཤེས་བརྒྱལ་བས། མཐར་རྣམ་ཤེས་ཉིད་སྒོ་དགུ་གང་རུང་ནས་འཐོན་པར་འགྱུར་ལ། དེའི་དུས་དག་པའི་སྣང་བ་སྣ་ཚོགས་སུ་ཤར་བ་ལ།དངངས་སྐྲག་འཇིགས་པས་འཁྲུལ་སྣང་དུ་ཨ་འཐས། ཚེ་རབས་དུ་མར་བག་ཆགས་ངན་པར་ཡང་ཡང་གོམས་པའི་མཐུས། འཁོར་བའི་སྣང་ཚུལ་ལ་བདེན་འཛིན་གྱིས་ཡིད་འཇུག་པར་བྱེད་པས། དེ་ལྟ་བུའི་སྲིད་པ་བར་དོ་འཆར་བའི་དུས་འདིར། འདུན་པ་སྟེ་འཁྲུལ་སྣང་དེ་རྣམས་འཆར་སྐབས་སྣང་བ་ཅི་ཤར་བར་དོའི་སྣང་བ་དང་། རྨི་ལམ་སྒྱུ་མའི་རང་བཞིན་ཡིན་པར་ཤེས་པའི་འདུན་པ་རྩེ་གཅིག་སེམས་ལ་གཟུང་བར་བྱས་ནས། ཕྱི་མའི་སྲིད་པ་མཚམས་སྦྱོར་གང་མཐོང་ཡང་རབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ངོ་ཤེས་པར་བྱེད། དེ་ལྟར་མི་ནུས་ན། ལམ་བསྐྱེད་པའི་རིམ་པ་ཡང་དག་པ་ལ་ངེས་ཤེས་གཏིང་ནས་འདྲོང་པ་ཞིག་དགོས་པས། དེ་ནུས་ན་དག་པའི་སྒྱུ་ལུས་ཡེ་ཤེས་ཆེན་པོའི་སྐུར་ལྡང་བས། ཞི་ཁྲོའི་སྐབས་བར་དོ་ལོངས་སྐུར་འཚང་རྒྱ་བ་གསུངས་པ་དེ་ཡིན་པས་བཟང་པོ་ལས་ཀྱི་འཕྲོ་ལ་སྔར་འདྲིས་པའི་ཟབ་མོའི་ཉམས་ལེན་གྱིས་ནན་གྱིས་མཐུད་པར་བྱས་ཏེ། ཕ་མའི་འདུ་འཕྲོད་མཐོང་སྐབས་ཕ་མ་ལྷར་བསྐྱེད། བསྐྱེད་རིམ་ལ་གོམས་པས་ཆོ་ག་སུམ་སྐྱེད་སོགས་ཀྱི་ཏིང་ངེ་འཛིན་གྱིས་མངལ་དུ་ཞུགས་པས་འཁོར་བའི་གནས་ངན་གྱི་མངལ་སྒོ་ཁེགས་པར་ནུས་ལ་སྟོབས་དང་ལྡན་པའི་ཉམས་ལེན་དེས་འཁོར་བ་རུ་ལྡོག་གི་ཐབས་ཚུལ་སྔར་སྦྱང་པ་དེ་ད་ལྟར་རྩོལ་མེད་ཀྱིས་དྲན་པར་བྱ་སྟེ། འཁྲུལ་སྣང་ཡེ་ཤེས་སུ་གནས་འགྱུར་པའི་གདེང་དང་། དེ་ནུས་པའི་སྙིང་རུས་དང་དག་སྣང་བསྐྱེད་དགོས་པ་ལགས། རྣལ་འབྱོར་པ་རབ་ནི་གོང་མ་དེ་དག་ཏུ་གྲོལ་ལ། རྣམ་འབྱོར་པ་ཐ་མའང་སྲིད་པ་བར་དོའི་སྣང་བ་འཆར་ཙམ་གྱིས་སྔར་སྦྱངས་པའི་གདམས་པ་དྲན་པའང་། ཆོས་ཉིད་ཀྱི་སྟོབས་ཀྱིས་ཏིང་འཛིན་ཟབ་མོ་རྙེད་དེ་གྲོལ་བ་གྱུར་བ་ཡིན་ནོ། །

ཞེས་པ་འདི་བཞིན་བན་ཆེན་སྒྲུབ་བླ་ཀརྨ་ཡོན་ཏན་དཔལ་བཟང་དང་། བན་ཆེན་བཤད་གྲྭའི་སློབ་དཔོན་ལུང་རིགས་རྒྱ་མཚོ་ཟུང་ནས་འབོད་བསྐུལ་གནང་དོན་བཞིན། ཕྲན་མཉན་པའི་མཚན་ཙམ་གྱིས་གོས་པ་དེས་ཡང་ལེ་ཤོད་བན་ཆེན་བཤད་གྲྭའི་རང་ཤག་ནས་འཕགས་མ་སྒྲོལ་མར་སྙིང་ནས་གསོལ་བ་འདེབས་དང་བཅས་དབྱིན་ལོ་༢༠༡༦ ཟླ་བ་༧ ཚེས་༡༠ཉིན་སྦྱར་བའོ།། །།


阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章