欢迎提供新闻线索:lztvxwb@qq.com
ཚེས་17དང་18ཉིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བཅས་བྱས་ནས། མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་དང་འགྲན་སློང་ལ་དབྱེ་ཞིབ་བྱས་པ་དང་། 2025ལོའི“ཞིང་གསུམ”ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། 2024ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་སྐས་རིམ་གསར་པར་སླེབས་པ་དང་། ཞིང་པའི་ཡོང་འབབ་བརྟན་པོའི་སྒོ་ནས་འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། 2025ལོའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་སྒྱུར་བཅོས་སྔར་བས་གཏིང་ཟབ་བྱེད་པ། ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱེད་པ་དང་། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་གཏོང་བར་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཞིང་པ་མང་ཚོགས་ཀྱི་ཧུར་སེམས་གང་ལེགས་འཕེལ་བར་བྱེད་པ། དངོས་འཛིན་དངོས་སྒྲུབ་དང་སྙིང་རུས་གཏན་འཁྱོངས་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཞིང་ལས་ཀྱི་རྨང་གཞི་སྔར་བས་བརྟན་པོ་དང་། གྲོང་གསེབ་ས་ཁུལ་སྔར་བས་དར་རྒྱས། ཞིང་པའི་འཚོ་བ་སྔར་བས་ཡག་པ་བཅས་ལ་སྐུལ་འདེད་བཏང་སྟེ་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་ཀྱི་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་བེད་སྤྱོད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་བྱ་བ་དངོས་གཙོ་བོ་ཁག་གཅིག་ཡག་པོ་བསྒྲུབས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་བ་དང་། གྲོང་གསེབ་ལ་གསོན་ཤུགས་འཕེལ་བ། ཞིང་པར་འབབ་འཕར་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་ཁུར་ཏེ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱེད་པ། འབྲུ་སྣུམ་ལོ་ཏོག་གི་མུའུ་རེའི་ཐོན་ཚད་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་དང་ལོ་ལེགས་ཡོང་བའི་འགན་ལེན་བྱེད་དགོས།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་ཁག་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་དམ་འཛིན་ཡག་པོ་བྱས་ཏེ། དབུལ་ལོག་དང་དབུལ་འགྱུར་མ་འབྱུང་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ཕན་ནུས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་དབུལ་ལོག་དང་དབུལ་འགྱུར་མ་འབྱུང་སྔོན་འགོག་གི་ལམ་སྲོལ་དང་། ཡོང་འབབ་དམའ་བའི་མི་འབོར་དང་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་རིམ་དབྱེ་རིགས་དབྱེའི་རོགས་སྐྱོར་ལམ་ལུགས་སྤྱི་འདོམས་ངང་འཛུགས་པ་བཅས་བྱེད་དགོས།
གྲོང་གསེབ་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་སྟེ། ཡུལ་ཟོག་ལ་བརྟེན་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས།
གྲོང་གསེབ་འཆར་འགོད་དང་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་དང་བསྟུན་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་ཟུང་འབྲེལ་དམ་ཚགས་བྱེད་པར་སྐུལ་འདེད་གཏོང་བ། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་བཀོད་ཇུས་ལ་སྤྱི་འདོམས་བྱེད་པ། རྨང་གཞིའི་སྒྲིག་བཀོད་གྲོང་གསེབ་ལ་ཁྱབ་པར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱེད་པ། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
ནུས་ཤུགས་ཡོད་རྒུས་གྲོང་གསེབ་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། ཡུལ་སྲོལ་ཡ་རབས་འཛུགས་སྐྱོང་འདུ་འགོད་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གོམས་སྲོལ་སྒྱུར་བའི་ལས་དོན་ཡག་པོ་སྤེལ་བ་བཅས་བྱེད་དགོས།
གྲོང་གསེབ་ཀྱི་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རེས་སྐོར་གཉིས་པའི་ས་ཆ་འགན་གཙང་བླངས་པའི་དུས་ཚོད་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་རིང་དུ་གཏོང་བའི་ཚོད་ལྟའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། བེད་མེད་དུ་བསྐྱུར་བའི་ཞིང་པའི་ཁང་པ་བོགས་མར་གཏོང་བ་དང་། མ་རྐང་ནང་ཞུགས་པ། མཉམ་ལས་སོགས་ཀྱི་བྱེད་སྟངས་བརྒྱུད་བེད་སྤྱོད་ནུས་ལྡན་ཡོང་བའི་བྱེད་སྟངས་འཚོལ་ཞིབ་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་མ་དངུལ་བསྡུ་གཏོང་ལམ་སྲོལ་གཏོད་པ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་དགོས།
来源:西藏日报藏文媒体
编 辑:尼玛普赤
复 审:顿珠、巴洛
终 审:欧 珠
扫码关注微信、抖音