ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་བ།

政务   2024-11-07 19:53   四川  

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧུའུ་པེར་རྟོག་ཞིབ་གནང་སྐབས། ཧུའུ་པེས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གཏོད་པའི་ཁྲོད་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་འཛིན་ཡག་པོ་བཅས་བྱས་ཐོག རང་ངོས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ངར་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན། སྙིང་རུས་གཏན་འཁྱོངས། ལས་དོན་སྒྲུབ་མཁས་པོ་དང་གྲུབ་འབྲས་གཏོད་མཁས་པོ་བཅས་བྱས་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་དང་། དབུས་རྒྱུད་ས་ཁུལ་དར་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་བརྟེན་ས་མགྱོགས་མྱུར་བསྐྲུན་ཚར་བ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཧུའུ་པེའི་ལེའུ་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད། 



ཟླ་11ཚེས་4ནས་6ཉིན་བར། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་མོང་ཧུའེ་དང་ཞིང་ཆེན་གྱི་འགོ་འཛིན་ཝང་ཀྲུང་ལིན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་སྔ་རྗེས་སུ་ཤའོ་ཀན་དང་ཞན་ཉིང་། ཝུའུ་ཧན་བཅས་སུ་ཕེབས་ནས། རྟེན་རྫས་བཤམས་མཛོད་ཁང་དང་གྲོང་གསེབ། ཚན་རྩལ་དང་ཐོན་ལས་གསར་གཏོད་སྟེགས་བུ་བཅས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད།

ཚེས་4ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཤའོ་ཀན་གྲོང་ཁྱེར་ཡུན་མོང་རྫོང་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་ས་འོག་ནས་ཐོན་པའི་ཆིན་ཧན་གྱི་སྨྱུག་དཔེ་འགྲེམས་སྟོན་ལ་གཟིགས་གནང་ཡོད། འགྲེམས་སྟོན་བྱས་པའི་ཆིན་རྒྱལ་རབས་ཀྱི་བཅའ་ཁྲིམས་བཅོ་བརྒྱད་ཐོག་ནས། ལོ་ངོ་2200ལྷག་ཙམ་གྱི་སྔ་རོལ་ནས་རང་རྒྱལ་དུ་གནའ་རབས་བཅའ་ཁྲིམས་ལམ་ལུགས་མ་ལག་ཆགས་ཡོད་པ་མཚོན་ཡོད། ཞི་ཅིན་ཕིང་གིས་སྨྱུག་དཔེའི་ནང་དོན་དང་། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་། སྲུང་སྐྱོབ་དང་ཞིབ་འཇུག་བྱས་ཚུལ་བཅས་ཀྱི་ངོ་སྤྲོད་ཞིབ་ཕྲ་གསན་གནང་བ་དང་། གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་རིག་དངོས་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རིག་གནས་ཀྱི་བློ་སྤོབས་ཆེ་རུ་གཏོང་རྒྱུར་འདེགས་སྐྱོར་བརྟན་པོ་བྱས་ནས། ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་ནམ་ཡང་ཉར་ཚགས་ཐུབ་པ་དང་བུ་རབས་ཚ་རྒྱུད་ལ་ཕན་འདོགས་ཤིང་། མི་རྣམས་ཀྱི་མི་རིགས་ཀྱི་སྤོབས་སེམས་དང་རང་གིས་རང་ལ་ཡིད་ཆེས་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུར་སྐུལ་ལྕག་བྱེད་ཐུབ་ཅེས་བསྟན་གནང་ཡོད།

ཚེས་5ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་དུ་ཕེབས་ཤིང་། དང་ཐོག་ཕན་ཅ་དབན་གྲོང་རྡལ་གྱི་ཧྲི་ལི་སྔོ་ཚལ་བར་ཁྱམས་ལ་རྟོག་ཞིབ་གནང་ཡོད། འབྲས་ལྡན་སྟོན་གྱི་དུས་སུ་གནས་འདིར་སྔར་བཞིན་སྔོ་ཐིང་ངིར་གནས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ཞི་ཅིན་ཕིང་ཞིང་ནང་དུ་ཕེབས་ནས་སྔོ་ཚལ་གྱི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་དང་། སྔོ་ཚལ་གྱི་སྣ་ཁ་དང་འདེབས་འཛུགས་ལག་རྩལ། བྲིན་ཚོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཡོད། ཁོང་གིས། གྲོང་གསེབ་ཏུ་ས་རྒྱ་ཆེ་བས་ཞིང་ལས་ལ་མདུན་ལམ་ཆེན་པོ་ཡོད། དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར། ངེས་པར་དུ་ཚན་རྩལ་ཡར་ཐོན་ལ་བརྟེན་ནས་ཚན་རྩལ་གྱིས་ཞིང་ལས་དེང་རབས་ཅན་དུ་འགྱུར་རྒྱུར་རམ་འདེགས་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། ཁོང་གིས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་ཚན་རྩལ་གྱི་ལམ་བུ་དང་སྤུས་ཚད་ཀྱི་ལམ་བུ། སྤུས་རྟགས་ཀྱི་ལམ་བུ་བཅས་སུ་བསྐྱོད་དེ་སྔོ་ཚལ་འདེབས་འཛུགས་ཀྱི་དམངས་ཕྱུག་ཐོན་ལས་དེ་སྔར་བས་ཡག་པོ་བསྒྲུབས་ནས། མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད། 

དེ་རྗེས། ཞི་ཅིན་ཕིང་ཕན་ཅ་དབན་གྲོང་རྡལ་སི་དབྱི་གྲོང་ཚོར་ཕེབས་ནས། རྒན་གསོའི་ཞབས་ཞུའི་ས་ཚིགས་སུ་རྒན་གསོའི་སྒྲིག་བཀོད་དང་དམངས་ཕན་ཞབས་ཞུའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་གྲོང་ཚོ་རིམ་པའི་རྩ་འཛུགས་འཁོར་སྐྱོད་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་ལས་དོན་མཁྱེན་རྟོགས་གནང་ཡོད། ཁོང་གིས། ཏང་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ་དང“རྒན་རྒོན་དང་བྱིས་པའི”གཙོ་གནད་འདིར་དམ་འཛིན་བྱས་ཏེ། དེ་བས་གནད་ལ་འཕིགས་པ་དང་ཕན་ནུས་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས། གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ངང་ཡང་དུ་བཏང་ནས། གཞི་རིམ་གྱི་ལས་བྱེད་པས་དུས་ཚོད་དང་སེམས་ནུས་སྔར་བས་མང་བ་སྤྱད་དེ་མང་ཚོགས་ལ་ཞབས་ཞུ་སྒྲུབ་དགོས་ཞེས་བསྟན་གནང་འདུག

གྲོང་མི་ཞུང་ཁྲེང་ལུང་གི་ཁྱིམ་དུ། ཞི་ཅིན་ཕིང་གིས་ཁྱིམ་ཚང་གི་བཀོད་པར་གཟིགས་ཞིབ་གནང་བ་དང་། ཞུང་ཁྲེང་ལུང་གི་ཁྱིམ་མི་དང་ལྷན་དུ་བཞུགས་ནས་ཐོན་སྐྱེད་དང་ཕྲུ་གུའི་ལས་ཞུགས་ལས་གཏོད། ཁྱིམ་ཚང་གི་ཡོང་འབབ། རྒན་གསོ་སྨན་བཅོས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ལོ་འདི་དག་རིང་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་ཕྱིན་པ་དང་། ཞིང་པའི་དངོས་པོའི་འཚོ་བ་དང་རིག་གནས་འཚོ་བར་འགན་སྲུང་ཐུབ་ཚད་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་གསན་སྐབས། ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས་ནང་མི་ཚང་མས་མུ་མཐུད་འབད་བརྩོན་བྱས་ནས་ཐོན་སྐྱེད་དང་འཚོ་བ་དེ་བས་ལེགས་པ་ཡོང་བ་བྱེད་པ་དང་། ཕྲུ་གུ་གསོ་སྐྱོང་ཡག་པོ་བྱས་ནས། འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བ་བྱ་རྒྱུའི་ཐུགས་རེ་གནང་ཡོད། 

གྲོང་ཚོ་ནས་ཞལ་གྱེས་སྐབས། གྲོང་མི་ཚོས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་ཡོད། ཞི་ཅིན་ཕིང་གིས་གྲོང་མི་ཚོར། ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་དགོས་ཤིང་། དང་ཐོག་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཡུལ་མི་སྤུན་ཟླ་ཚོས་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཐོག རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་ལ་ཕན་འབྲས་སྔར་ལས་ཆེ་བ་ཐོན་པ་བྱས་ཏེ། གྲོང་ཚོ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་དང་ཐུན་མོང་ཐོག་བདེ་སྐྱིད་དཔལ་ལ་རོལ་བའི་འཚོ་བ་གསར་སྐྲུན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད།

ཚེས་5ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཝུའུ་ཧན་ཐོན་ལས་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ཁང་དུ་རྟོག་ཞིབ་གནང་བར་ཕེབས་ནས། ཚན་རྩལ་གསར་གཏོད་མཁོ་སྤྲོད་སྦྲེལ་ཐག་སྟེགས་བུའི་ལེགས་གྲུབ་ལྡན་པའི་དཔེ་མཚོན་འགྲེམས་སྟོན་དང་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་གཟིགས་པ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་མཁྱེན་རྟོགས་གནང་ཞིང་། ཚན་ཞིབ་མི་སྣ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་གྲོས་བསྡུར་སྤེལ་རེས་གཏིང་ཟབ་གནང་ཡོད། ཁོང་གིས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བྱུང་བ་དེས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱ་རྒྱུའི་དགོས་མཁོ་དེ་བས་ཆེ་རུ་ཕྱིན་ཡོད།  རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་ཁེ་ལས་མཁས་ཅན་གྱིས་རང་གིས་རང་ལ་ཡིད་ཆེས་ཆེ་རུ་གཏོང་བ་དང་ཕུགས་བསམ་དོན་གཉེར། མཉམ་ཤུགས་འདོན་པ་བཅས་བྱས་ཏེ། གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པའི་ཁྲོད་རྒྱུན་ཆད་མེད་པར་བྱས་རྗེས་འཇོག་དགོས་ཞེས་ནན་སྟོན་གནང་ཡོད།

ཚེས་6ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་། ཧུའུ་པེའི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད།

ཞི་ཅིན་ཕིང་གིས། ཧུའུ་པེའི་ཚན་སློབ་ཤེས་ལྡན་པའི་ལེགས་ཆ་མངོན་གསལ་དོད་པ་དང་ཚན་རྩལ་གསར་གཏོད་ནུས་པ་ཆེ་ཙམ་ཡོད་པས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་གསར་འབྱེད་ཡར་བརྩོན་བྱེད་དགོས། རང་འགུལ་ངང་རྒྱལ་ཡོངས་ཀྱི་གསར་གཏོད་སྦྲེལ་ཐག་ནང་ཞུགས་ཏེ། རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གྱི་གསར་གཏོད་མཐོ་ས་ཧུར་ཐག་བཏོད་ནས། ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་འབྱུང་ཁུངས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། གཙོ་གནད་ཐོན་ལས་ལ་དམིགས་ཏེ་གསར་གཏོད་ཀྱི་སྦྲེལ་ཐག་དང་ཐོན་ལས་ཀྱི་སྦྲེལ་ཐག མ་དངུལ་གྱི་སྦྲེལ་ཐག ཤེས་ལྡན་མི་སྣའི་སྦྲེལ་ཐག་བཅས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་འགག་གནད་སྒྲོལ་བར་ཤུགས་སྣོན་རྒྱག་པ། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་སྡེབ་ཀྱིས་གསར་གཏོད་བྱེད་པའི་ལམ་སྲོལ་འཛུགས་པ་བཅས་བྱས་ནས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྲོལ་རྒྱུན་གྱི་ཐོན་ལས་བརྗེ་སྒྱུར་རིམ་སྤོར་བྱ་རྒྱུ་དེ་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་དང་དཔུང་གཤིབ་མཉམ་སྐྱོད་བྱ་རྒྱུ་མཐའ་འཁྱོངས་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ། སྐད་གྲགས་ཆེ་བའི་སྤུས་རྟགས་སྔར་ལས་མང་བ་གཏོད་དགོས། འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་ཉམས་གསོ་བྱ་རྒྱུ་དེ་ཟིལ་གནོན་རང་བཞིན་གྱི་གནས་སུ་འཇོག་པ་དང་། བདེ་འཇགས་ལྡེམ་གཤིས་ལྡན་པའི་དེང་རབས་ཀྱི་ཆུ་དྲ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པ། འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ལོ་བཅུའི་རིང་འབྲི་ཆུར་ཉ་འཛིན་མི་ཆོག་པའི་བཀག་རྒྱར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས་ཧུའུ་པེས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཐད་འཚོལ་ཞིབ་བྱེད་ཕོད་པ་བྱ་དགོས། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་དམ་འཛིན་ལེགས་པོ་བྱེད་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་ནང་ཁྱོན་ཡོངས་ནས་མཉམ་འདྲེས་བྱས་ཏེ། སྔར་ལས་དྲང་སྙོམས་དང་། སྔར་བས་གསོན་ཤུགས་ལྡན་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས” རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཕན་ཚུན་སྐུལ་སྤེལ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱི་ནང་གཉིས་ལ་སྒོ་འབྱེད་པར་མཐོང་ཆེ་ཆུང་གཅིག་པ་བྱ་རྒྱུ་རྒྱུན་འཁྱོངས་དང་།  སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་མཐོ་ས་གཏོད་པ། ས་ཁོངས་མཉམ་ལས་ཟབ་སྤེལ། ཐོན་ལས་ཀྱི་བཀོད་པ་གོ་རིམ་ལྡན་པའི་ངང་ལེགས་འགྱུར་བྱེད་པ། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ནང་ཧུར་ཐག་ངང་ཞུགས་པ་དང་། སྒོ་འབྱེད་ལྟེ་གནས་ཀྱི་བྱེད་ནུས་མ་ལག་ལྡན་པའི་ངང་མཐོར་འདེགས་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་ཧུའུ་པེ་ཡིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བའི་ཐད་འབད་འབུངས་ཡར་བརྩོན་བྱེད་དགོས། ཝུའུ་ཧན་གྲོང་ཁྱེར་ཁྱུ་ཚོགས་ལྟེ་བར་བཟུང་སྟེ། འབྲི་ཆུའི་དབུས་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་མཉམ་འགུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྫོང་མཁར་གཞི་རྟེན་གལ་ཆེན་དུ་གྱུར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རང་རང་གི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ཀྱི་འགན་འཁྲི་བརྟན་དུ་བཏང་ནས། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། ཁྱད་ལྡན་ཐོན་ལས་དང་སྣ་མང་གཉེར་སྐྱོང་གི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱས་ནས། ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དར་རྒྱས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་སྲུང་གི་ལས་དོན་ཁག་ལེགས་སྒྲུབ་ཏན་ཏིག་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་གཏིང་ཟབ་ཏུ་གཏོང་བ་དང་། གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས།   ཧུའུ་པེ་ནི་ལོ་རྒྱུས་རིག་གནས་གཏིང་ཟབ་པ་དང་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཆ་ཞིག་ཡིན་པས། རིག་གནས་ཐོན་ཁུངས་ལ་སྲུང་སྐྱོབ་དང་རིག་གནས་གསར་སྐྲུན་གོང་འཕེལ་ལ་ཤུགས་སྣོན་རྒྱག་པའི་ཐད་འགན་འཁྲི་ཕྲག་ཏུ་འཁུར་དགོས།  ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་ལ་སྲུང་སྐྱོང་རྒྱུན་འཛིན་དང་གསོན་ཤུགས་རྒྱས་པའི་ངང་བེད་སྤྱོད་གཏོང་བའི་ཐད་མ་ལག་ཆ་ཚང་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་།  འབྲི་ཆུའི་ཤེས་དཔལ་གྱི་ཁུངས་འདེད་ཞིབ་འཇུག་དང་བརྒྱུད་སྤེལ་འགྲེམས་སྟོན་ལ་ཤུགས་སྣོན་རྒྱག་དགོས།  ཏཱ་པིའེ་ཧྲན་རི་བོའི་སྙིང་སྟོབས་དང་།  ཆུ་ལོག་འགོག་པའི་སྙིང་སྟོབས། རིམས་འགོག་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།  སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་བསྟར་བྱ་དགོས།  རིག་གནས་དམངས་ཕན་གྱི་ལས་གཞི་ལག་བསྟར་བྱས་པ་དང་། རིག་གནས་ཀྱི་ལས་རྣམ་གསར་པ་གོང་འཕེལ་ཧུར་ཐག་བཏང་བ་བརྒྱུད།  མང་ཚོགས་ལ་སྤུས་ལེགས་ཀྱི་རིག་གནས་ཐོན་རྫས་དང་ཞབས་ཞུ་སྔར་བས་མང་བ་མཁོ་འདོན་བྱ་དགོས།  རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་དང་ལམ་ཐིག་རྩེ་གྲ་བཏོད་ནས།  རིག་གནས་ཡུལ་སྐོར་ལས་རིགས་དེ་ཉིད་ཀ་རྟེན་ཐོན་ལས་ལ་སྐྱེད་སྲིང་བྱ་དགོས་ཞེས་ནན་སྟོན་གནང་ཡོད། 

ཞི་ཅིན་ཕིང་གིས།  བསྒྱུར་བཅོས་ལ་དམ་འཛིན་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་གཞིགས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་ཆེ་རུ་གཏོང་དགོས་པ།  གསར་གཏོད་གསར་སྐྲུན་བྱེད་ཕོད་པ་དགོས་ལ་རྒྱུན་བསྲིངས་ལྷོད་མེད་ཐོག་ནས་དོན་འཁྱོལ་དམ་འཛིན་ཡང་བྱེད་དགོས་པ་དང་།  གདོང་མཆོང་བྱེད་ཕོད་པ་དགོས་ལ་མཐུན་སྒྲིལ་རོགས་ལས་བྱེད་མཁས་པ་ཡང་དགོས་པས།  ལོ་རྒྱུས་དང་ལག་ལེན། མི་དམངས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་ཧུར་ཐག་གཏོད་དགོས།  གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་བསྐྲུན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་དང་།  སྤྱོད་ངན་ཡོ་བསྲང་དང་སྒྲིག་ཁྲིམས་དམ་གཏོང་རུལ་སུངས་ལ་ངོ་རྒོལ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།   སྤྱོད་བཟང་ཚུལ་མཐུན་གྱི་ཆབ་སྲིད་འབྱུང་ཁམས་སྲ་བརྟན་དང་གོང་འཕེལ་ཟམ་མི་ཆད་པར་གཏོང་དགོས་ཞེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གིས།  ད་ལོའི་ཟླ་བ་མཇུག་ཤོས་གཉིས་ཀྱི་ནང་།  ལས་དོན་ཁག་དང་ལྷག་པར་དུ་དཔལ་འབྱོར་གྱི་ལས་དོན་ལ་སྔར་བས་དམ་འཛིན་ལྷོད་མེད་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་བྱ་དགོས་ཞེས་ནན་སྟོན་གནང་ཡོད། 

ཧོ་ལི་ཧྥེང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།

来源:中央广播电视总台藏语
     编辑:梅朵
     校对:梅朵
  二审:梅朵
        三审:白玛曲吉
  监制:彭刚


云端石渠
传播石渠县时政新闻、民生关注等
 最新文章