ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་མདོར་བསྡུས།

乐活   2024-09-01 18:27   青海  


ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་མདོར་བསྡུས།


སྐུ་བལྟམས་ཤིང་མཁའ་འགྲོ་མས་ལུང་བསྟན་གནང་ཚུལ།

ལོ་ཙཱ་བ་རིན་ཆེན་བཟང་པོ་ནི་ལྷ་ཉི་མ་ཧྲུགས་ཀྱི་གདུང་རྒྱུད་དུ་བོད་རབ་བྱུང་འགོ་མ་བཙུགས་གོང་གི་ས་ཕོ་རྟ་ཕྱི་ལོ་ ༩༥༨ དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་ལ། སྟོད་མངའ་རིས་གུ་གེའི་ཡུལ་དུ་ཡབ་བན་ཆེན་གཞོན་ནུ་དབང་ཕྱུག་དང་། ཡུམ་ཅོག་རོ་ཀུན་བཟང་ཤེས་རབ་བརྟན་མའི་སྲས་སུ་འཁྲུངས། ཆུང་དུས་སུ་མཚན་ལ་རིན་ཆེན་དབང་ཕྱུག་ཅེས་བརྗོད། དགུང་ལོ་གཉིས་ལ་འབྱོན་དུས་སུ་ཞལ་ནས། ཨཱ་ཨཱ་ཨི་ཨི་ཞེས་གསུང་གིན། ས་ལ་རི་མོ་འབྲི་བཞིན་ཐལ་མོ་སྦྱར་ནས་འདུག་པ་གཅིག་བྱུང་བས་ཡབ་གཞོན་ནུ་དབང་ཕྱུག་གིས་ལས་འཕྲོ་ཅན་ཞིག་ཡིན་ནམ་དགོངས་ཏེ། གོས་སེར་པོ་བསྐོན་ནས་དགེ་བསྙེན་གྱི་སྡོམ་པ་ཞུ་རུ་བཅུག ཕྱི་ལོ་ ༩༧༡ དགུང་ལོ་བཅུ་གསུམ་ལོན་དུས་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་སྟེ་མཚན་ལ་རིན་ཆེན་བཟང་པོ་ཞེས་གསོལ། བློ་རིག་རབ་ཏུ་བཀྲ་བས་མཁན་པོའི་དྲུང་ནས་སུམ་བརྒྱ་པ་གསན་པ་ཙམ་གྱིས་འགྲེལ་པ་དང་བཅས་པ་ཟླ་བ་གཅིག་གི་ནང་ཐུགས་སུ་ཆུད།

ཕྱི་ལོ་ ༩༧༥ དགུང་ལོ་བཅུ་བདུན་ལོན་སྐབས་ཨོ་རྒྱན་ཡུལ་ནས་བྱོན་པའི་པཎྜི་ཏ་ཞིག་ལོ་ཙཱ་བའི་ཁྱིམ་དུ་ཕེབས་སྐབས་པཎྜི་ཏའི་«རྒྱ་ཡི་དཔེ་ཆ་བེའུ་བུམ་» ཞེས་པ་ཞིག་ལུས་པ་དེ། ལོ་ཙཱ་བ་རིན་ཆེན་བཟང་པོས་དཔེ་ཆ་འདི་ཡི་ནང་དུ་གདམས་ངག་ཁྱད་དུ་འཕགས་པ་ཡོད་ངེས་དགོངས་ནས་གཟིགས་པས། རྒྱ་ཡིག་མི་ཤེས་པས་ཐུགས་མུག་སྟེ་ཤིང་གི་བསིལ་གྲིབ་འོག་གཉིད་དུ་ཡུར་བས་མནལ་ལམ་དུ། བུད་མེད་ཤ་རྩི་དམར་བ་རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་ཀྱིས་བརྒྱན་པ། ལག་པ་གཡས་ཀྱིས་ཌ་མ་རུ་འཁྲོལ་བཞིན་གཡོན་དུ་མེ་ཏོག་ཆུན་པོ་ཞིག་ཐོགས་ཏེ་མདུན་དུ་འོངས་ནས་འདི་སྐད་ཟེར་ཏེ། “སྲིན་བུའི་ཁ་ཆུས་རང་ལུས་བཅིངས་པ་ལྟར། །ཡུལ་ལ་ཞེན་པས་བདུད་ཀྱི་རྒྱ་རུ་ཚུད། །དེ་ལས་ཐར་བར་འདོད་པའི་མི་སུ་དག །བྱང་ཕྱོགས་ཁ་ཆེའི་ཡུལ་དུ་སོང་ནས་ཀྱང་། །རྒྱ་གར་ཤར་ནུབ་ཆུ་བཞིན་མྱུགས་ན་ནི། །དམ་ཆོས་རྒྱ་མཚོ་བོད་དུ་བསྒྱུར་ན་ལེགས།།” ཞེས་གསུང་བྱོན་ཏེ་མི་སྣང་བར་གྱུར། དེ་མ་ཉིད་དུ་ལོ་ཙཱ་བ་མནལ་ལས་སད་པ་དང་མི་བདེ་བའི་སྐྱོ་ཉམས་དང་བཅས་རང་ཁྱིམ་དུ་ཕྱིར་ཕེབས། བདག་ལ་མཁའ་འགྲོ་མས་ལུང་བསྟན་འདུག ད་ནི་ཁ་ཆེ་དང་རྒྱ་གར་དུ་མ་ཕྱིན་ན་ཆོས་དང་སྲོག་གི་བར་ཆད་འོང་བ་འདུག ཕྱིན་ནའང་ས་རྒྱུས་མེད་པ་མ་ཟད་ཡབ་ཡུམ་གཉིས་ཀྱི་ཐུགས་བཀྲུགས་ན་རང་ལ་བག་ཆགས་ངན་པ་གསོག་པར་འདུག ད་ཇི་ལྟར་བྱའམ་སྙམ་སྟེ་བཞུགས་པའི་སྐབས་སུ་ཡུམ་གྱིས་ལོ་ཙཱ་བའི་ཞལ་ལ་གཟིགས་ནས་“བུ་ཁྱོད་ཅིའི་ཕྱིར་ངོ་ནག་པོར་གནས་སམ་”ཞེས་དྲིས་པ་ན། མཁའ་འགྲོ་མས་ལུང་བསྟན་ཚུལ་རྣམས་ཞུས་པས། ཡབ་ཡུམ་དང་ཉེ་དུ་རྣམས་བགྲོས་ཏེ་ཡབ་ན་རེ། “བུ་འདི་མ་བཏང་ན་ཆོས་དང་སྲོག་གི་བར་ཆད་འོང་བར་འདུག བཏང་ན་ནི་འོ་སྐོལ་རྣམས་སྙིང་འགས་པ་ལྟར་འདུག འོན་ཀྱང་བཏང་བ་དྲག་”ཅེས་རྒྱ་གར་ཁ་ཆེའི་ཡུལ་དུ་གཏང་རྒྱུར་གྲོས་འཆམས།

རྒྱ་གར་ཁ་ཆེའི་ཡུལ་དུ་ཐེངས་དང་པོ་ཕེབས་ཚུལ།

ལོ་ཙཱ་བ་དགུང་ལོ་བཅོ་བརྒྱད་ལོན་པ་མེ་མོ་ཕག་ཕྱི་ལོ་ ༩༧༦ ལོར་ལམ་རྒྱགས་དང་མགྲོན་བུ་དྲུག་བརྒྱ་ཙམ་ཁུར་ནས་ཇོ་ཇོ་དགེ་བསྙེན་ཨ་པོ་བཀྲ་ཤིས་རྩེ་མོ་དང་ལམ་རྒྱུས་པ་མོན་པ་ཉུང་ཏི་བཅས་ཁོང་མི་གསུམ་རྒྱ་གར་དུ་ཕེབས། ལམ་ཕྱེད་ནས་ལམ་རྒྱུས་པ་མོན་པ་ཉུང་ཏི་འགྲོ་མ་ཐུབ་པར་དགེ་བསྙེན་ཨ་པོ་བཀྲ་ཤིས་རྩེ་མོ་དང་ལོ་ཙཱ་བ་གཉིས་མུ་མཐུད་དེ་ཡུན་རིང་བསྐྱོད། རྗེས་སུ་ལམ་བར་ན་ཇོ་ཇོ་ནད་དྲག་པོ་ཞིག་གིས་མནར་ཏེ་འཆི་ལ་ཐུག ཟས་ཀྱང་མ་རག་པར་ཡུན་རིང་བསྐྱོད་པར་ལུས་རྒུད་ཅིང་ཉམ་ཐག་པར་འགྱུར་པའི་སྐབས་ཤིག་ན་ལམ་ཞིག་ཏུ་རྒད་མོ་མ་མད་གཉིས་ཐུག་ནས་བསོད་སྙོམས་བླངས་པར་རྒད་མོས་འབྲས་སྤར་བ་འགའ་ཤས་ཕུལ། དེ་རྣམས་བཞེས་པས་སྐུ་མདངས་རྒྱས་ཤིང་བཀྲེས་སྐོམ་སེལ་བས་ལོ་ཙཱ་བའི་ཐུགས་སུ། རྒད་མོ་མ་མད་ལ་ཨ་མ་དང་སྲིང་མོའི་འདུ་ཤེས་སྐྱེས་ཏེ་དྲིན་གསོ་བའི་ཕྱིར་མཆོད་རྟེན་བརྒྱ་རྩ་བཞེངས་རྒྱུའི་དམ་བཅའ་བཞག་པ་བཞིན་རྒད་མོ་ལས་སྐྲ་དུམ་ཞིག་བསླངས་ནས་ཕྱིས་སུ་ཁ་ཆེར་ཕེབས་པ་དང་རྒད་མོའི་སྐྲའི་དུམ་བུ་བསྲེགས་ནས་མཆོད་རྟེན་བརྒྱ་རྩ་བཞེངས།

ཟླ་ཤས་རྗེས་སུ་ཁ་ཆེའི་ཡུལ་དུ་འབྱོར་བ་ན་བྲམ་ཟེའི་ཁྱིམ་ཚང་ཞིག་ཏུ་ཟླ་བ་གཅིག་ཙམ་བཞུགས་ནས་ཁ་ཆེའི་སྐད་ཕྲན་ཙམ་སྦྱངས། དེ་ནས་ཕེབས་ལམ་བར་གྱི་ཤིང་དྲུང་ཞིག་ན་རྣལ་འབྱོར་པ་གཅེར་བུ་མི་རྐང་གི་གླིང་བུ་འབུད་བཞིན་པ་ཞིག་མཇལ། རྣལ་འབྱོར་པ་དེས་ལོ་ཙཱ་བའི་དབུ་ལ་རྐང་གླིང་ལན་གསུམ་བསྐོར་ནས་ནགས་གསེབ་ཏུ་ཕེབས། དེ་ནི་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་རིན་ཆེན་དངོས་གྲུབ་ཡིན་པར་རྗེས་སུ་ཤེས། དེ་ནས་ལམ་བར་གྱི་ཚོང་པ་ལ་ས་རྒྱུས་དྲིས་ནས་ཁ་ཆེའི་གྲོང་ཀ་ལ་བ་རི་[1]བྱ་བར་ཕེབས། དེར་ཁ་ཆེའི་བྱིས་པ་མང་པོ་ལོ་ཙཱ་བའི་དྲུང་དུ་འདུས་ནས། འདི་ལྟ་བུའི་མི་ཤ་མདོག་སེར་ལ་སྨ་ར་མེད་པ་དང་ལུས་པོའི་ཆ་ལུགས་གསར་པ་དེར་ལྟོས་དང་ཟེར་ནས་ཀུན་ཀྱང་ཡ་མཚན་པར་གྱུར། གྲོང་དེར་ཞག་འགའ་བཞུགས་པའི་ཉིན་ཞིག་བསོད་སྙོམས་ལ་ཕེབས་པར་བྲམ་ཟེ་རྒད་པོ་དད་བྱེད་གོ་ཆ་ཞེས་པ་ཞིག་མཇལ། བྲམ་ཟེ་དེ་ཡིས་ལོ་ཙཱ་བའི་ཕྱག་མཐིལ་གྱི་བཀྲ་ཤིས་འཁོར་ལོའི་རི་མོ་དེ་མཐོང་བས་ཅི་ཡང་མི་སྨྲ་བར་ཁྱིམ་དུ་སོང་ནས་དངུལ་གྱི་སྤོས་ཕོར་གཅིག་གི་ནང་དུ་མེ་ཏོག་བཀང་ནས་ལོ་ཙཱ་བར་ཕུལ་ཅིང་ཕྱག་ལ་འཇུས་ནས་ཤིས་པ་མང་དུ་བརྗོད་དེ། ཁྱེད་ཚེ་རབས་དུ་མར་ཚོགས་བསགས་པའི་ལས་ཅན་ཞིག་སྟེ། ལས་ཅན་ཁྱོད་ཀྱིས་ཚེ་འདི་ཉིད་ལ་ཆོས་མང་དུ་ཤེས་ཤིང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག་ཅེས་བརྗོད།

གནས་དེར་པཎྜི་ཏ་གུ་ཎ་མི་ཏྲ་མཇལ་ཏེ་ཟླ་བ་བདུན་ཙམ་བསྟེན་ནས་སྒྲ་རིག་པ་དང་ཚད་མ་རིག་པར་མཁས་པར་གྱུར། དེ་ནས་ཁ་ཆེའི་གྲོང་ཁྱེར་ཏ་མ་ལ་སན་ཏི་རུ་པཎྜི་ཏ་ཆེན་པོ་ཤྲ་དྷ་ཀ་ར་ཝར་མ་མཇལ་ཏེ་ལོ་གཉིས་ཙམ་པཎྜི་ཏའི་དྲུང་ནས་ཡོ་གའི་རྒྱུད་སྒྲུབ་ཐབས་དང་མན་ངག་གི་ཆོས་སྐོར་མང་དུ་གསན་ནས་ཆོས་བསྒྱུར་སོགས་མཛད། པཎྜི་ཏ་གཞན་ལས་ཀྱང་ཆོས་མང་དུ་གསན། མཚན་གཅིག་གི་མནལ་ལམ་དུ་བོད་མི་ཞིག་གིས་རྒྱ་མཚོའི་གླིང་ནས་ནོར་བུ་མང་དུ་རྙེད་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གཅིག་ལུས་པ་དང་དེ་ནི་རྗེ་བཙུན་ནཱ་རོ་པའི་ཕྱག་ཏུ་ཡོད་པ་རྨིས། མནལ་ལས་སད་པ་དང་པཎྜི་ཏ་ཤྲ་དྷ་ཀ་ར་ཝར་མ་ལ་ཞུས་པས། དེ་ལྟར་ན་རྗེ་བཙུན་ནཱ་རོ་པའི་དྲུང་དུ་འགྲོ་དགོས། ཁོང་ལ་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་ཆོས་མང་དུ་ཡོད་གསུངས་པས། དེ་ནས་བྱང་ཕྱོགས་ཕུ་ལ་ཧ་རིའི་དགོན་པ་དཔལ་མེ་ཏོག་རྒྱས་པ་ཞེས་པ་དེར་བྱོན་ནས་རྗེ་བཙུན་ནཱ་རོ་པ་མཇལ་ནས་ལྷན་ཅིག་སྐྱེས་པ་ཟབ་མོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་གདམས་ངག་ཁྱད་པར་ཅན་དང་བྱིན་རླབས་མང་དུ་ཞུས། བླ་མ་ནཱ་རོ་པ་ལ་ཕྱག་ཕུལ་ནས་ཕྱིར་བྱོན་པའི་ལམ་དུ་པཎྜི་ཏ་ཀ་མ་ལ་ཀུ་ཏ་མཇལ་བས་དེ་ནས་ཀྱང་གདམས་ངག་མང་དུ་གསན། སྔར་ཡུལ་དུ་གཟིགས་པའི་བེའུ་བུམ་ནང་དུ་མཁའ་འགྲོ་མ་གསེར་གྱི་འོད་ཟེར་ཅན་གྱི་སྒྲུབ་ཐབས་ཟབ་མོ་ཞིག་ཡོད་པ་དེ་ལོ་ཙཱ་བར་གསུངས་པས་མཁྱེན། དེ་ཡན་ལ་ཁ་ཆེར་ལོ་བདུན་སོང་བས་ལོ་ཙཱ་བའི་ཐུགས་དགོངས་སུ་ད་ཕ་མ་དང་འཕྲད་པར་འགྲོ་བསམས་ནས་དཔེ་ཆ་རྣམས་ཤྲ་དྷ་ཀ་རའི་ཕྱག་ཏུ་བཞག་ནས་རྒྱ་གར་ཤར་ཕྱོགས་སུ་ཕེབས།

དེ་ནས་རྒྱ་གར་ཤར་ཕྱོགས་སུ་མཁན་པོ་ཛི་ན་མི་ཏྲ་པ་ན་སོགས་དང་། ཛྙཱ་ན་དང་། ཤི་ལེན་ཏྲ་བོ་དྷི་སོགས་པཎྜི་ཏ་དུ་མ་ལས་ཆོས་ཞུས་ནས་འདུལ་བ། མདོ་སྡེ། མངོན་པ། སོ་སོར་ཐར་པ། སུམ་བརྒྱ་པ། ཉི་ཁྲི། བརྒྱད་སྟོང་པ། ཤེས་རབ་ཁྲི་པ། ཡུམ་བསྡུས་པ་སོགས་ཆོས་མང་དུ་བསྒྱུར་ཞུས་མཛད། དེའི་ཚེ་ལོ་ཙཱ་བ་རིན་ཆེན་བཟང་པོའི་ཡིག་སྒྱུར་གྱི་མཚན་ལའང་བན་དྷེ་ཡེ་ཤེས་སྡེ་ཞེས་གྲགས། དེ་ནས་རྒྱ་གར་ཤར་ཕྱོགས་ནས་ཁ་ཆེ་རུ་སླར་ཡང་ཕྱིར་བྱོན། དེ་ལྟར་རྒྱ་གར་དང་ཁ་ཆེར་ཆོས་ཀྱི་ཆེད་དུ་ངལ་བ་དུ་མ་བསྐྱོན་ནས་ལོ་བཅུ་ཙམ་སོང་ཞིང་། དགུང་ལོ་ཉེར་བརྒྱད་ཕྱི་ལོ་ ༩༨༦ ཡི་སྔ་རྟིང་ཙམ་ལ་རང་ཡུལ་ཀྱུ་ཝང་དུ་ཞབས་ཁ་བསྒྱུར། རང་ཁྱིམ་དུ་འབྱོར་ཡང་ཡབ་ལོ་གཅིག་གི་གོང་དུ་གྲོངས་ཟིན་པས་ཡབ་ཀྱི་དོན་དུ་དཀྱིལ་འཁོར་སོགས་མང་དུ་མཛད།

རྒྱ་གར་ཁ་ཆེའི་ཡུལ་དུ་ལན་གཉིས་པ་བྱོན་ཚུལ།

རང་ཡུལ་ཀྱུ་ཝང་དུ་འབྱོར་བའི་རྗེས་སྤུ་ཧྲེང་གི་འཁོར་ཆགས་དང་། གུ་གེའི་མཐོ་ལྡིང་། མར་ཡུམ་མྱར་མ་བཅས་གཙུག་ལག་ཁང་ཆེན་པོ་གསུམ་བཞེངས། ཁ་ཆེའི་ཡུལ་ནས་དཔེ་ཆ་རྣམས་དང་ལྷ་བཟོ་མཁས་པ་སོགས་གདན་དྲང་བའི་ཆེད་དུ་མངའ་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཙཱ་བ་ཆེན་པོ་མགོ་འདྲེན་དུ་བསྐོས་ནས་ལྷན་དུ་རིག་པ་ཅན་གྱི་ཁྱེའུ་ལྔ་[2]དང་བཅས་གསེར་སོགས་རིན་པོ་ཆེའི་རིགས་མང་པོ་བསྐུར་ནས་ཁ་ཆེའི་ཡུལ་དུ་འབྱོན་པར་བཀས་བསྐུལ་ཏེ།  “ཁ་ཆེའི་ཡུལ་ན་མཁས་པ་རིན་ཆེན་རྡོ་རྗེ་ཞེས་བྱ་བ་ཡོད་པ་དེ་སྤྱན་དྲོངས། རྒྱ་གར་ཤར་ཕྱོགས་ན་དྷརྨ་པཱ་ལ་བྱ་བ་ཡོད་པས་དེ་སྤྱན་དྲོངས་ཤིག དབུས་འགྱུར་འཆང་ན་པཎྜི་ཏ་པྲཛྙ་པ་ལི་བྱ་བ་ཡོད་པས་དེ་འདུལ་བ་རྣམ་གཉིས་བྱ་བའི་ཆོས་མུ་སྟེགས་ཀྱིས་ཀྱང་རྩོད་པར་མི་ནུས་པ་ཡིན་དེ་ཤེས་པར་གྱིས་ཤིག དེ་ཉིད་འདུས་པ་ལ་ཀུན་དགའ་སྙིང་པོའི་འགྲེལ་པ་ཡོད་ཟེར་བས་དེ་ཤེས་པར་གྱིས་ཤིག ནོར་བུ་གླིང་པ་དང་དྷརྨ་པཱ་ལ་གཉིས་ལ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་རྒྱུད་དང་དེའི་འགྲེལ་པ་སློབ་དཔོན་དཔྱིད་ཀྱིས་མཛད་པ་དང་། དཀྱིལ་འཁོར་གྱི་ལྷ་སུམ་བརྒྱ་བཞི་བཅུ་པ་སློབ་དཔོན་རྒྱལ་བའི་ལྷས་མཛད་པ་ཡོད་ཟེར་བས་དེ་ཤེས་པར་གྱིས་ཤིག དཔལ་གསང་བ་འདུས་པ་ལ་སངས་རྒྱས་ཡེ་ཤེས་ཞབས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་ཡོད་ཟེར་བ་དང་། རིན་ཆེན་རྡོ་རྗེ་ལ་དུས་འཁོར་དང་རྡོ་རྗེ་གདན་བཞིའི་རྒྱུད་འགྲེལ་ཡོད་ཟེར་བས་འཚོལ་ལ་ཤོག གཞན་བི་ཀྲ་མ་ལ་ཤཱི་ལ་ན་པཎྜི་ཏ་བརྒྱ་རྩ་བརྒྱད། མཁས་པ་བདུན་ཅུ་རྩ་གཉིས། འགྲན་ཟླ་མེད་པ་སུམ་ཅུ་རྩ་བདུན། གཙུག་གི་ནོར་བུ་བཅུ་གཅིག འཛམ་བུའི་གླིང་གི་རྒྱན་ལྟ་བུ་བརྒྱད། ཁམས་གསུམ་གྱི་སྤྱན་ལྟ་བུ་གཉིས་ཡོད་ཟེར་བ་དེ་རྣམས་ལས་གང་བྱུང་རེ། རབ་གསེར་ལ་མ་རྩེག་པར་སྤྱན་ནི་དྲོངས་གྱིས། འབྲིང་གདམས་པ་ཅི་ཐོབ་གྱིས། ཐ་མའང་པཎྜི་ཏ་ཆོས་གང་མཁས་པ་དང་། གདམས་ངག་གང་ཆེ་བ་རྩད་ཆོད་ལ་ལུང་ཞུས་དཔེ་ལོངས་པ་གྱིས་ལ་ཤོག་བྱས་”[3]ཏེ་བཏང་ངོ་།།

དེ་ནས་ཁ་ཆེའི་ཡུལ་ནས་ཡབ་ཡུམ་གྱི་དོན་དུ་རྟེན་སྐུ་ཚད་དང་མཉམ་པ་སོགས་བཞེངས་ནས་ཤིང་རྟས་སྤྱན་དྲངས། དེ་ལྟར་ཁ་ཆེར་བྱོན་ནས་ལོ་དྲུག་ཙམ་འགོར། དེའི་རིང་ལ་“འཇམ་དཔལ་རྡོ་རྗེ་ལ་སོགས་པར་ཡོ་གའི་རྒྱུད་དཀྱིལ་ཆོག་དང་བཅས་པ། རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་ནཱ་རོ་པ་ལ་གཏུགས་ཏེ། གསང་འདུས་ལུགས་གཉིས་གསན། དབུས་འགྱུར་གྱི་པཎྜི་ཏ་འདས་ནས་སློབ་མ་དྷརྨ་པཱ་ལ་ཡིན་ཟེར་བ་བཙལ་ཀྱང་མ་རྙེད། ནོར་བུ་གླིང་པ་ལས་ངན་སོང་སྦྱོང་རྒྱུད་དང་། ཐབས་ཀྱི་རྒྱུད་ལྔ། ཁྱད་པར་མི་འཁྲུགས་པའི་རྒྱུད་གདམས་ངག་དང་བཅས་པ་ཞུས་སོ།།”[4] དེ་ལྟར་ལོ་ཙཱ་བ་དང་ལྷན་དུ་རིག་པ་ཅན་གྱི་ཁྱེའུ་ལྔ་བརྫངས་པ་ལས་གཉིས་ཚད་པས་གྲོངས། མང་ཝེར་ལོ་ཙཱ་བ་བྱང་ཆུབ་ཤེས་རབ་དང་། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས། འཇང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་གསུམ་ལུས་ཤིང་དེ་ལ་ལོ་ཙཱ་བའི་སློབ་མ་བུ་ཆེན་གསུམ་དུ་གྲགས། དེ་ལྟར་ཁ་ཆེའི་ཡུལ་དུ་ལོ་དྲུག་ཙམ་འགོར་བའི་རྗེས་སུ་བུ་སློབ་དང་ལྷན་དུ་ལྷ་བཟོ་སུམ་ཅུ་རྩ་གཉིས་དང་བཅས་པ་མཉམ་དུ་རང་ཡུལ་ལ་ཕྱིར་ཕེབས། དེ་ནས་ལོ་ཙཱ་བ་ཆེན་པོའི་ཕྲིན་ལས་རྒྱས་པས་སྟོད་མངའ་རིས་སྤུ་ཧྲེང་སོགས་སུ་གཙུག་ལག་ཁང་བརྒྱ་དང་བརྒྱད་ལྷག་དང་མཆོད་རྟེན་སོགས་བཞེངས་པ་མ་ཚད་དེ་དག་ཏུ་ལོ་ཙཱ་བ་ཆེན་པོ་ཉིད་སྒྲུབ་པ་དཔག་ཏུ་མེད་པ་མཛད།

ཇོ་བོ་རྗེ་དང་མཇལ་ནས་སྒྲུབ་པ་ཉམས་ལེན་མཛད་ཚུལ།

ལོ་ཙཱ་བ་རིན་ཆེན་བཟང་པོ་དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པ་ཆུ་རྟ་ལོར་ཕོ་བྲང་བྱང་ཆུབ་འོད་ཀྱིས་གདན་ཞུས་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་མཐོ་ལྡིང་དུ་བྱོན་པ་དང་མཇལ་ཏེ་སྔར་ཆོས་བསྒྱུར་པ་མང་པོ་ལ་ཞུ་དག་མཛད། ཇོ་བོ་ཉིད་ཀྱིས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་པས་འགྱུར་བཟང་བ་ཞིག་བྱུང་། གསེར་སྲང་མང་དུ་ཕུལ་ནས་བདེ་མཆོག་ལྷན་སྐྱེས་དང་སྒྲོལ་མ་ཨ་བི་ཏ་ར། ཇོ་བོ་རྗེའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ལ་སོགས་པའི་གསང་སྔགས་ཀྱི་གདམས་པ་མང་དུ་ཞུས་ནས་བསྒྲུབས་པས་ལྷ་གསུམ་ཀའི་ཞལ་གཟིགས། དེ་ནས་ཕྱིས་སུ་སྤུ་ཧྲེང་དུ་ཇོ་བོ་རྗེ་དང་སླར་ཡང་མཇལ་བས། ཇོ་བོའི་ཞལ་ནས། ལོ་ཙཱ་བ་ཁྱེད་ཆོས་མང་དུ་མཁྱེན་ཅིང་ལོ་ཙཱ་བ་ལ་ཡང་མཁས་པར་གྲགས་ཀྱིན་འདུག་པས་ཁོ་བོའི་ལོ་ཙཱ་བྱ་དགོས་གསུངས་པའི་བཀའ་ལུང་ཡང་བྱོན། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གཉིས་ཀྱིས་མྱ་ངན་ལས་འདས་པའི་མདོ་བམ་པོ་བཅུ་གཉིས་དང་། ཁྱེའུ་གསེར་མདོག་གི་རྟོགས་པ་བརྗོད་པའི་མདོ། ཆོས་བཞི་སྒྲུབ་པའི་མདོ། དཔའ་བོ་སྒྲུབ་པའི་རྒྱུད། འཆི་བ་བསླུ་བའི་མན་ངག དགེ་སློང་མ་དཔའ་མོས་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམས་ལོ་ཙཱ་གནང་ནས་བསྒྱུར་པ་སོགས་མཛད།

སྤུ་ཧྲེང་དུ་ཇོ་བོས་སྒྲུབ་པ་ལ་བསྐུལ་ཏེ་སྒྲུབ་ཁང་ཕྱི་རོལ་ན་སྒོ་གསུམ་རིམ་དུ་ཡོད་པ་ལ། ཕྱི་མ་ལ་སྒོ་འདིའི་ནང་དུ་ཚེ་འདིའི་རྣམ་པར་རྟོག་པ་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོས་ཞེས་པ་དང་། བར་པ་ལ་རང་དོན་ཡིད་བྱེད་ཀྱི་བློ་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོས་ཞེས་པ་དང་། ནང་མ་ལ་སྒོ་འདིའི་ནང་དུ་ཐ་མལ་གྱི་རྣམ་རྟོག་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་བྲིས་ནས། རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་བས་དམ་བཅའ་མཐར་ཕྱིན་པར་མཛད་དེ་དཔལ་གསང་བ་འདུས་པ་དང་བདེ་མཆོག་གི་ཞལ་གཟིགས་ཤིང་གྲུབ་པ་བརྙེས། གུར་ཤིང་བརྩོན་འགྲུས་རྒྱལ་མཚན་ལ་སོགས་པའི་སློབ་མ་མཁས་གྲུབ་མང་པོ་དང་། ཞུས་ཆེན་འཕེར་བའི་ལོ་ཙཱ་བ་ཡང་བཅུ་ལྷག་ཙམ་བྱུང་།

མཐར་སྐུ་མྱ་ངན་ལས་འདས་ཚུལ།

དེ་ལྟར་ལོ་ཙཱ་བ་ཆེན་པོ་འདི་ཉིད་སྐུ་ཚེའི་རྟིང་མར་དབེན་པའི་གནས་ཕུན་སུམ་ཚོགས་པ་དག་ཏུ་སྒྲུབ་པ་རྣམ་དག་ལ་རྩེ་གཅིག་ཏུ་གཞོལ་མཐར་དགུང་ལོ་དགུ་བཅུ་རྩ་བརྒྱད་པ་ཤིང་མོ་ལུག་སྟེ་ཕྱི་ལོ་ ༡༠༥༥ ལོའི་བོད་ཟླ་ ༠༡ ཚེས་ ༡༧ ཉིན་ཁ་ཆེའི་ཡུལ་དུ་གཟུགས་སྐུའི་བཀོད་པ་མཁའ་སྤྱོད་དུ་གཤེགས་པའི་ཚུལ་བསྟན་ཏོ།།

བུ་སློབ་རྣམས་ཀྱིས་གདུང་སྦྱངས་པས་རིང་བསྲེལ་ཐོག་འོ་མ་སི་ལྟར་ཤིན་ཏུ་དམར་བ་གསུམ་བྱུང་ནས་མཐོང་ཐོས་དྲན་རེག་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད་ཅེས་ཕྱི་རབས་པ་ཀུན་ལ་གྲགས། ཕྱིས་སུ་ཁ་ཆེའི་གོ་ཁར་ཕུག་གི་རིའི་གཤམ་དུ་བཞེངས་པའི་གདུང་རྟེན་རྩ་ཆེན་དེ་ད་ལྟའང་དད་ལྡན་རྣམས་ཀྱི་མཇལ་སྐལ་དུ་མཆིས་སོ།།

ཁུངས་གཏུག་སའི་ཡིག་ཆ།

དངོས་སློབ་ཁྲི་ཐང་བ་ཛྙཱ་ནས་མཛད་པའི་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར།
ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག
མཁས་དབང་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་མཛད་པའི་དུང་དཀར་ཚིག་མཛོད།
རྨེ་རུ་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་ལོ་ཆེན་རིན་ཆེན་བཟང་པོའི་མཛད་ཕྲིན་ཞིབ་མོ་རྣམ་འབྱེད།
འབྲུག་པདྨ་དཀར་པོས་མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད།


[1] འགའ་ཞིག་གིས་ཡུལ་དེའི་མིང་ལ་ཀ་ཅག་ཏི་ཞེས་བྲིས་པའང་གསལ།

[2] ལོ་ཙཱ་བ་ཉིད་ཀྱི་སློབ་མ་གུ་གེ་ཁྱི་ཐང་པ་དཔལ་ཡེ་ཤེས་ཀྱིས་མཛད་པ་«ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་བསྡུས་པའོ།།» ཞེས་པའི་ནང་དུ་ལོ་ཙཱ་བ་དང་ལྷན་དུ་རིག་པ་ཅན་གྱི་ཁྱེའུ་ལྔ་བརྫངས་ཞེས་གསལ་ཡང་། འབྲུག་པ་པདྨ་དཀར་པོས་མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་དང་། མཁས་དབང་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་མཛད་པའི་དུང་དཀར་ཚིག་མཛོད་དུ་ཉེར་གཅིག་བཏང་བར་གསལ།

[3] འབྲུག་པདྨ་དཀར་པོས་མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཤོག་ངོས་ ༢༦༡ པར་གསལ།

[4] ལོ་ཆེན་མཆོག་གི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། བོད་ལྗོངས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་པར་མ། ཤོག་ངོས ༢༥༩ ནས་ ༢༦༡ བར་གསལ།



ཡོང་ཁུངས། སྔ་འགྱུར་རིག་མཛོད་དྲ་བ།

阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章