01
བདེན་རྫུན་བརྟགས་ནས་མ་བྱས་ན།
ཕོ་གསར་ངར་དེ་ཁྱི་ངར་ཡིན།
བསྟན་དོན། ཉམས་མྱོང་མེད་པའི་ང་རྒྱལ་ཆེ་བ་ནི་རང་ཕམ་པའི་གཞི།
02
གྲོས་འགོ་ཤེས་རབ་ཅན་གྱིས་རྩོམ།
གྲོས་ཐག་བསོད་ནམས་ཅན་གྱིས་བཅད།
བསྟན་དོན། བྱ་བ་ཞིག་རྩོམ་པར་ཤེས་རབ་དང་ལས་བསོད་གཉིས་འཛོམ་དགོས་པ།
03
གཏམ་དང་རལ་གྲི་གཉིས་པོ་འདི།
རྩེ་ནས་མི་འཆང་ཡུ་ནས་འཆང་།
བསྟན་དོན། བྱ་ལུགས་བྱེད་སྟངས་མ་ནོར་བ་དགོས་པའམ་ཡང་ན་གཏམ་གྱི་ཕུགས་དང་རྩ་བ་དེད་ནས་ཤུགས་ཀྱི་དོན་རྟོགས་དགོས།
04
ལྷ་ཁང་རྙིང་པ་ལ།
གནས་བཤད་གསར་པ།
བསྟན་དོན། དོན་དངོས་ལས་ལྡོག་པའི་གཏམ་འཆལ་བཤད་པ།
05
ཤིག་གསོད་པར་སྟ་རེ་འཕྱར་མི་དགོས།
འབུ་གསོད་པར་ཐོ་བ་འཕྱར་མི་དགོས།
བསྟན་དོན། དོན་ཆུང་ཐག་གཅོད་པར་གྲགས་འགུལ་ཆེན་པོ་བྱ་མི་དགོས་པ།
06
ཐུགས་ཆུང་ཆུང་ཐུགས་གཡེང་མ་གནང་དང་།
རྡོ་ཆུང་ཆུང་ལྷགས་པས་འཁྱེར་དོགས་མེད།
བསྟན་དོན། དགོས་མེད་ཀྱི་སེམས་ཁྲལ་བྱེད་མི་དགོས།
07
རྟ་རྒྱུད་ཅན་གྱི་རྟེའུ། མི་རྒྱུད་ཅན་གྱི་ཚ་བོ།
(ཕ་བཟང་ཞིག་གི་བུ། གཡག་བཟང་ཞིག་གི་ཀོ་བ)
བསྟན་དོན། མི་རྒྱུད་བཟང་ལ་གཞུང་དྲང་བའི་བུ་རྒྱུད།
08
སྤྲང་ཁྱི་ཐོག་ཁར་བཏགས་པས་ནམ་མཁའི་སྐར་མར་རྨུག་གིས།
དམ་བི་ཉི་མར་བསྲོས་པས་ཁ་ལས་ཞབས་ར་མཐོ་བ།
བོང་བུ་ཆག་གིས་གསོས་པས་རྟ་ལ་ཕྲ་རྐང་གཏོང་གིས།
བསྟན་དོན། ངན་པ་མཐོ་སར་སླེབས་པའམ་བྱམས་ཀྱིས་བསྐྱངས་པས་མི་བྱེད་རྒུ་བྱེད་བྱེད་པ།
09
གཉོམ་ཆུང་འདུག་ཤེས་ན།
བཙན་པོ་སྒུལ་མི་ཚུགས།
བསྟན་དོན། ཚུལ་ཁྲིམས་ལེགས་པར་སྲུང་དགོས་པ།
10
རང་དོན་ངན་པ་ཕུགས་སུ་བཅུག
གཞན་དོན་སྨིན་མ་གཟེངས་གཟེངས་བྱས།
བསྟན་དོན། རང་སྐྱོན་མི་མཐོང་བར་གཞན་སྐྱོན་ཁོ་ན་འཚོལ་བ།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག བཀྲ་ཤིས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
སྒྲ་འཇུག སྐལ་བཟང་རྒྱལ་མཚན།
ཡོང་ཁུངས། སྤྲིན་བཟང་དཀར་པོའི་འཕྲིན་སྟེགས།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།