ཁ་འབབ་རྣམ་བཞིའི་བོད་མིང་།

乐活   2024-09-16 21:45   青海  

རྩོམ་པ་པོ།  བེ་དུང་། 


     དེ་ཡང་ཡ་ཐོག་བོན་གྱི་གནའ་དཔེ《མིའུ་རིགས་བཞིའི་ལྷ་སེལ》 ལས“འཛམ་གླིང་དབུས་ཀྱི་ཏི་སེ་དང་།    མ་པང་གཡུ་ཡི་མཚོ་མོ”ཞེས་འབྱུང་བ་ལྟར།    གངས་ཏི་སེ་ནི་ཡ་གླིང་སྐམ་ས་ཆེན་མོ་འདིའི་དཀྱིལ་སྙིང་དང་།    ཆུ་བོ་དུ་མའི་མགོ་ཁུངས་ཡིན་རྐྱེན་གནས་འདི་ནས་དར་བའི་ཡ་ཐོག་བོན་གྱི་ཤེས་རིག་དེ་ཉིད་ཀྱང་བོད་ཀྱི་ས་ཁུལ་ཡོངས་ལ་ཁྱབ་པར་མ་ཟད།    རྒྱ་གར་དང་།    རྒྱ་ནག    ཏ་ཟིག་སོགས་འཛམ་གླིང་ཤར་མའི་གནའ་བོའི་རིག་གནས་མང་པོ་ཞིག་གི་མགོ་ཁུངས་དང་རྨང་གཞི་རུ་གྱུར་ཡོད་པས།   འཛམ་གླིང་ཤར་ཕྱོགས་གནའ་བོའི་རིག་གནས་ཀྱི་མགོ་ཁུངས་འཚོལ་བའམ།    ཡང་ན་འཛམ་གླིང་ཤར་ཕྱོགས་སྔ་རབས་རིག་གནས་ཀྱི་གྲོལ་ཕུགས་སུ་གྱུར་པའི་ཡ་ཐོག་སྲིད་པ་བོན་གྱི་ཤེས་རིག་དེ་ཉིད་ལ་འཚོལ་རྟོག་དང་ཞིབ་འཇུག་བྱེད་རྒྱུ་ནི་བོད་ཀྱི་ཡ་ཐོག་ཤེས་རིག་ལ་དཔྱོད་པའི་མཁྱེན་ལྡན་དག་གི་འགན་འཁྲི་ཡིན་ལ།   

     དེ་ལས་གངས་ཏི་སེ་དཀྱིལ་འཁོར་ཤེས་རིག་དེ་ཉིད་འཛམ་གླིང་ཤར་མའི་གནའ་བོའི་རིག་གནས་ཕ་ཆེར་གྱི་མ་ཡུམ་ཡིན་པའི་བདེན་པ་ནི་སྐབས་གཞན་དུ་སྤྲོ་བར་བྱ་ལ།    འདིར་གངས་ཏི་སེའི་ཕྱོགས་བཞིར་འབབ་པའི་ཆུ་བོ་བཞི་ཡི་ཐོག་མའི་མིང་བརྡའམ།   བོད་རང་སྐད་ཀྱི་ཐུན་མོང་མིན་པའི་འབོད་སྟངས་གང་ཡིན་མདོར་ཙམ་ཞུས་ན།    དེང་སང་བོད་མི་རྣམས་ཀྱིས་གང་ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་ཡི་མགོ་ཁུངས་ཀྱི་མིང་ལ།   སེངྒེ་ཁ་འབབ།   རྨ་བྱ་ཁ་འབབ།   རྟ་མཆོག་ཁ་འབབ།   གླང་ཆེན་ཁ་འབབ་བཅས་སུ་འབོད་ལ།    བོན་གྱི་ཡིག་ཆ་ཁུངས་བཙུན《གངས་ཏི་སེའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག》སོགས་སུའང་ཐ་སྙད་དེ་ལྟར་སྦྱར་ཡོད།   ཡིན་ཡང་དེ་ནི་རྒྱ་གར་ཆོས་རིག་བོད་ལ་ཚུར་བསྒྱུར་བྱུང་བའི་རྗེས་ཀྱི་མི་རིགས་གཞན་གྱི་སྐད་བརྡ་དང་རིག་གནས་ཀྱི་ཤན་ཞུགས་པའི་འབོད་སྟངས་ཤིག་ལས།    བོད་ཀྱི་གནའ་མི་ཚོས་བཏགས་པའི་བརྡ་ནི་མིན་པར་སྙམ་ལ།  

    རྒྱུ་མཚན་ཡང་སེངྒེ་དང་རྨ་བྱ་འདི་དག་གཙོ་བོ་རྒྱ་གར་ལ་སོགས་པ་མི་རིགས་གཞན་གྱི་ས་ཁུལ་ན་གནས་པའི་སྲོག་ཆགས་ཡིན་རྐྱེན་དེ་དག་དང་འདྲ་འབྲེལ་གང་རུང་གི་རྒྱུ་མཚན་དང་བཅས་ཏེ་བཏགས་པའི་བརྡ་ཡང་ཡ་ཐོག་བོད་ཀྱི་སྐད་དུ་མེད་ལ།   ལྷག་ཏུ“སེངྒེ”ཞེས་པའི་མིང་འདི་ནི་རྒྱ་གར་བའི་སྒྲ་གདངས་རང་ཟུར་ཆགས་པ་ལས་བྱུང་སྟབས།   བོད་རང་ལ་སྔ་དུས་སུ་སེངྒེ་ཞེས་པའི་ཐ་སྙད་ནི་གཏན་ནས་མེད་པར་སེམས།   འོ་ན་ཡ་ཐོག་ཞང་བོད་རིག་གནས་ཀྱི་མཆེད་ཁུངས་སུ་གྱུར་པའི་གངས་ཏི་སེའི་ཉེ་འཁོར་གྱི་ཆུ་མགོ་ཞིག་ལ“སེངྒེ་ཁ་འབབ”ཅེས་བཏགས་ཡོད་པ་ཅི་ཡིན་ཞེ་ན།  

     དེ་ནི་གོང་སྨོས་བཞིན་ཕྱིས་སུ་སྦྱར་བའི་ཐ་སྙད་གསར་མ་ཞིག་ཡིན་པ་འདྲ་སྟེ།   ཏུན་ཧོང་གནའ་ཡིག་དང་ལོ་ཚོད་མཉམ་པའི་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་གནའ་བོའི་བོན་གྱི་ཡིག་ཆ《ཤ་རུ་ཤུལ་སྟོན་གྱི་རབས》ཞེས་པ་ལས“ཆུ་བོ་ཆེན་པོ་བཞི་ནི།   ཆུ་སྲིན་གྱི་ཁ་ནས་འབབ་པ།   ཁྱུང་གྱྀ་ཁ་ནས་འབབ་པ།  ཉ་ཆེ་ཡོར་རྨང་གྱི་ཁ་ནས་འབབ་པ།   གླང་པོ་ཅེ་ཡི་ཁ་འབབ་པ”ཞེས་འབྱུང་བ་ལས།     “སེངྒེ་ཁ་འབབ”ཅེས་ཐ་སྙད་འདི་ཡེ་ནས་མེད་ལ།   གཞན་ཡང་གངས་ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་ལས་རྨ་བྱ་ཁ་འབབ་དང་།    སེངྒེ་ཁ་འབབ་ཅེས་སོགས་སུ་འབོད་པ་འདི་དག་ཕྱིས་སུ་རྒྱ་གར་སྐད་ཀྱི་བརྡ་ལྟར་སྦྱར་བ་ཡིན་པ་ནི་དེང་སང་ཆུ་བོ་ཆེན་པོ་བཞི་ཡི་མིང་ལ“གང་གཱ།   སིནྡྷུ།    པཀྵུ།   སི་ཏ”ཞེས་རྒྱ་གར་བའི་སྒྲ་རང་སོར་བཞག་པའི་ཐ་སྙད་ཀྱིས་འབོད་ཀྱིན་ཡོད་པས་ཀྱང་གོ་ལ།    དེ་མིན་གནའ་དུས་སུ་ཆུ་བོ་བཞིའི་མིང་ལ།    “ཆུ་བོ་འག་འག་དང་།   ཤོ་རྩང་པོ་དང་།   རྨ་ཆབ་སྔོན་མོ།   ན་ར་འཇའ་ར་བཞྀར་བསྲིད་དོའ”ཞེས་ཆུ་བོ་བཞི་པོ་གངས་ལ་འབབ་པའི་ཡུལ་མིང་དང་བཅས་གསལ་བོར་བསྟན་ཡོད་རུང་ཆུ་བོ་སིནྡྷུ་སོགས་ཀྱི་སྒྲ་ཡི་ཟུར་ཙམ་མི་ཡོང་བས་གནའ་བོའི་བོད་སྐད་ལ་དེང་གི་འབོད་སྟངས་འདི་འདྲ་ཡེ་ནས་མེད་པ་ནི་ཡིག་རྙིང་གི་སྒྲོས་སུ་གསལ་བ་ལྟར་ཡིན།   

   འོ་ན་བར་སྐབས་ཤིག་ནས་རི་ཆུ་ཡུལ་གྲུའི་མིང་བརྡ་འདི་དག་ཀྱང་མི་རིགས་གཞན་གྱི་སྐད་ལུགས་དང་།    ཕྱི་རོལ་སྡེ་བའི་འབོད་བརྡ་རུ་བསྒྱུར་ཞིང་གྱུར་པ་དང་།    བོད་མི་རྣམས་ཀྱིས་རང་རིགས་གདོད་དུས་ཀྱི་མེས་པོ་ཚོས་རང་མི་རིགས་ཀྱི་ཡུལ་གཤིས་སྐད་ལུགས་དང་མཐུན་པར་ཆེད་དུ་སྦྱར་ཞིང་།    བོད་མི་ཡོངས་ཀྱི་ངག་ཏུ་བྱང་བྱང་ཁར་ཡོད་པའི་བརྡ་དེ་དག་དོར་ནས།   མི་རིགས་གཞན་གྱི་ཐ་སྙད་དྲས་མཐུད་ལྷན་སྦྱོར་བྱས་ཏེ་འབོད་སྟངས་གསར་པ་ཞིག་བྱེད་དགོས་དོན་གང་ཡིན་སྙམ་ན།   

      འདི་ནི་ཆོས་རིག་གཞན་བསྒྱུར་གྱི་ལས་འགུལ་ཞིག་གི་ཤུགས་རྐྱེན་ལས་བྱུང་ཕྱིར།    ལས་འགུལ་འདིའི་འོག་ནས་བོད་མི་རང་གི་བསམ་པའི་འཁྱེར་སོ་དང་།    འཚོ་བའི་གོམས་གཤིས།   རིག་གནས་ལྟ་གྲུབ།    ཐ་ན་སྐད་བརྡ་དང་ཐ་སྙད་ཚུན་ཆད་དེ།    རང་མི་རིགས་ཀྱི་ཐུན་མིན་རིག་གནས་སུ་གྱུར་པའི་ནོམ་པ་མང་པོ་ཞིག་དགོས་མེད་དུ་ཆུད་ཟོས་ཤིང་།    དེ་ལ་བརྟེན་ནས་གཞན་བསྟུན་བྲན་གཤིས་ཀྱི་བློ་གཤོག་ངན་པ་ཞིག་གིས་བོད་མི་རྣམས་གཉོམ་ཆུང་ནུས་མེད་དུ་གྱུར་ནས་རང་རིགས་ཀྱི་ཆབ་དཔལ་རིག་གསུམ་ཉམས་ནུབ་ཏུ་གྱུར་པ་ཡིན་པས།     

     དེང་སྐབས་རང་རིགས་ཀྱི་ཡ་ཐོག་ཐུན་མིན་རིག་གནས་འཚོལ་བར་འདོད་པའི་བློ་ལྡན་ཚོས་ཐ་སྙད་དང་འབོད་མིང་ཙམ་གྱི་ཚུན་ནས་བོད་མི་རང་གི་སྐད་བརྡས་སྦྱར་བའི་གནའ་བོའི་དུས་ཀྱི་འབོད་མིང་དངོས་མ་དེ་དག་བསྐྱར་དུ་འཚོལ་རྒྱུ་ནི་རང་རིགས་ཀྱི་ཐུན་མིན་རིག་གནས་བསྐྱར་གསོ་བྱེད་པའི་བགྱི་སྒོ་གལ་ཆེན་ཞིག་ཡིན་ལ།    འདི་ལྟར་དཔགས་ན་གོང་སྨོས་ཀྱི་ཆུ་མགོ་བཞིའི་འབོད་མིང་ཙམ་དུ་མ་ཟད།    སེངྒེ་ལ་སོགས་པའི་སྒྲས་གང་བསྙད་པ་ཚང་མ་ཕྱིས་བྱུང་གཞན་ལུགས་ཀྱི་འབོད་བརྡ་དང་མཐུན་པར་བཅོས་པ་ཡིན་པའང་དཔེར་ན།    དེང་སང་རླུང་རྟའི་ནང་དུ་སྟག་སེང་ཁྱུང་འབྲུག་ཅེས་འགོད་པའི་སེངྒེ་འདི་ཡང་ཕྱིས་ཀྱི་རྒྱ་གར་ཆོས་རིག་གི་ཤན་ཞུགས་པའི་བཟོ་སྟངས་དང་ཐ་སྙད་ཅིག་ལས། 

     བོན་གྱི་གནའ་བོའི་ཡི་གེ་ཚོར“སྟག་གཡག་ཁྱུང་འབྲུག”ལས་སྟག་སེང་ཁྱུང་འབྲུག་ཅེས་འབྲི་ཡི་མེད་པ་འདྲ་ལ།    དེའི་རྒྱུ་མཚན་ཡང་གནའ་བོའི་བོན་མི་རྣམས་སེངྒེ་ཞེས་པའི་སྲོག་ཆགས་འདིར་མཐོང་འདྲིས་ཀྱི་རྒྱུས་མངའ་རྩད་ནས་མེད་རྐྱེན།   ཁོང་ཚོས་དད་མོས་ཀྱི་རྟེན་དང་རིག་གནས་ཀྱི་མཚོན་བྱེད་དུའང་སེང་རིས་དང་སེངྒེའི་ཐ་སྙད་སྦྱོར་བ་མི་སྲིད་པ་རེད།   ཡིན་ཡང་དེང་སྐབས་བོད་མི་ཚོས་སེངྒེ་དང་།   ལྷག་ཏུ་གངས་སེང་ཞེས་མདོག་དཀར་ཞིང་གཡུ་ཡི་རལ་བ་ལྡན་པའི་བློས་བཏགས་སྒྲུང་གཏམ་ནང་གི་སྲོག་ཆགས་དེ་ཉིད་རིག་གནས་དང་བསམ་བཀོད་ཀྱི་མཚོན་བྱེད་གལ་ཆེན་དུ་བརྩི་བ་ནི་གཞན་གྱི་རིག་གནས་ཀྱིས་ཤན་ཞུགས་པའི་བསམ་བྱེད་ལོག་པ་ཞིག་ལས་བོད་མི་རང་ལ་མཚོན་ན་སེངྒེ་ལ་དང་དོད་དགོས་པའི་འབྲེལ་ཟླའི་རྒྱུ་མཚན་ཅི་ཡང་མེད་ལ།    དེའི་ཚབ་ཏུ་དཔའ་སྟོབས་ཀྱི་མཚོན་རྟག་ཏུ་འབྲོང་དང་གཡག་སོགས་འཇོག་ན་ད་གཟོད་མི་རིགས་རང་གི་ཁྱད་ཆོས་དང་བྲོ་བ་ཡོད་པར་འགྱུར་བ་ལགས།   



阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章