ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ།

文摘   2025-02-06 17:02   西藏  


  ཟླ་2ཚེས་5ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ་དང་མཇལ་མོལ་གནང་བ་རེད། 



ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁེར་གྷི་སི་ཐན་གཉིས་ནི་རི་ཆུ་འབྲེལ་ཞིང་དམངས་སེམས་མཐུན་པས། ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་བྱུང་ནས་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་མཐོ་ཚད་གསར་པར་སླེབས་ཡོད། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་མུ་མཐུད་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཏམ་བཟང་ཡང་སེ་གྲགས་པ། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་སྤྱི་ཚོགས་དང་དམངས་འདོད་རྨང་གཞི་ཉིན་བཞིན་བརྟན་དུ་ཕྱིན་ཡོད། ཁེར་གྷི་སི་ཐན་ཕྱོགས་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ཁེར་གྷི་སི་ཐན་ཕྱོགས་དང་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་པ་བཅས་ཀྱིས་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་སྔར་ལས་ལེགས་པར་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད། 



ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་མུ་མཐུད་དུ་བསམ་ཕྱོགས་རྒྱ་སྐྱེད་གཏོང་བ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་གཙོ་ཐིག་ཏུ་བཟུང་ནས། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་ཉོ་ཚོང་མ་འཇོག་གི་མཉམ་ལས་མུ་མཐུད་རྒྱ་ཆེར་གཏོང་བ་དང་། ཁེར་གྷི་སི་ཐན་གྱི་སྤུས་ལེགས་ཚོང་ཟོག་དེ་བས་མང་བ་ནང་འདྲེན་བྱེད་པ། ཀྲུང་གོས་མ་དངུལ་གཏོང་བའི་ཁེ་ལས་དེ་བས་མང་བ་ཁེར་གྷི་སི་ཐན་དུ་མ་འཇོག་ལས་གཏོད་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བཅས་བྱེད་འདོད་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་མ་འཇོག་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱ་རྒྱུའི་རེ་བ་ཡོད། མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ཀྲུང་གོ་དང་ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་འཛུགས་སྐྲུན་ཡག་པོ་བྱེད་པ། ད་ཡོད་འགག་སྒོའི་དེང་རབས་ཅན་བསྒྱུར་བཀོད་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བ། འགྲུལ་སྐྱེལ་དང་ཟོག་འདྲེན་གྱི་དུས་གཏན་གནམ་གྲུ་དེ་བས་མང་བ་ཤར་གཏོང་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག་ལ་སྟབས་བདེ་དེ་བས་མང་བ་མཁོ་འདོན་བྱ་དགོས། རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་དང་གྲངས་གཞི་ཆེན་མོ། མི་ཐབས་རིག་ནུས་སོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མཉམ་ལས་རྒྱ་སྐྱེད་བཏང་ནས། འཕར་གནས་གསར་པ་གཏོད་དགོས། ཕྱོགས་གཉིས་པོས་ཀྲུང་གོའི་རིག་གནས་ལྟེ་གནས་དང་། ལུའུ་པན་བཟོ་ཁང་། ཁུང་ཙི་སློབ་གླིང་སོགས་ལས་ཁུངས་གཉེར་སྐྱོང་ཡག་པོ་བྱས་ཐོག ས་གནས་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་མཛའ་བཤེས་ཆེད་ལས་དོན་སྒྲུབ་མཁན་གྱི་སྟོབས་ཤུགས་དེ་བས་མང་བ་གསོ་སྐྱོང་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་རོགས་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་སྒྲིག་གཞིའི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དོན་གཉེར་དང་སྟོབས་ཆེར་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་ལག་ལེན་བསྟར་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད། 



ཀྲ་ཕ་ལུའོ་ཧྥུས། གནམ་ལོ་གསར་པའི་འགོ་ཚུགས་མ་ཐག་ཀྲུང་གོར་འཚམས་འདྲི་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་དང་། ཀྲུང་གོས་སྐབས་དགུ་པའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་བསྡུར་ལེགས་པར་གཉེར་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག ཀྲུང་གོར་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་རྒྱང་ལམ་ཐོག་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་མ་ཟད། རྒྱལ་ཁབ་ཁག་དང་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཤིང་། དེང་རབས་ཅན་དུ་བསྐྱོད་པ་དང་དུས་མཚུངས་སུ་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས། འཛམ་གླིང་ལ་མིག་དཔེ་བཏོད་ཡོད་པས། ཁེར་གྷི་སི་ཐན་ཕྱོགས་ནས་ཀྲུང་གོའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད། ཁེར་གྷི་སི་ཐན་དང་ཀྲུང་གོའི་མཛའ་བཤེས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཉེ་བའི་ལོ་ཤས་རིང་ཆུ་ཚད་གསར་པ་ཞིག་ཏུ་མཐོ་རུ་ཕྱིན་པ་དང་། ཀྲུང་གོ་ནི་ཁེར་གྷི་སི་ཐན་ཕྱོགས་ཀྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཡིན་ཞིང་། ཚན་པ་ཁག་དང་ས་གནས་ཁག་གིས་མཉམ་ལས་དམ་ཟབ་བྱས་པ་དང་འབྲེལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཐའེ་ཝན་དང་། ཤིན་ཅང་དང་འབྲེལ་བ་ཡོད་པ། ཤང་ཀང་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཁེར་གྷི་སི་ཐན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་དེ་བས་མང་བ་ཐོབ་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། ཀྲུང་གོ་དང་ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་དར་གོས་ལམ་བུ་འཛུགས་སྐྲུན་ཡག་པོ་བཅས་བྱས་ནས། ཐོན་ལས་དང་མ་འཇོག ཉོ་ཚོང་། འགྲིམ་འགྲུལ། གློག་རྡུལ་ཚོང་དོན། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ཀྱི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གི་མདུན་དུ། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱེད་པ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་ཀྲུང་གོ་དང་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་སྒྲིག་གཞི་གོང་འཕེལ་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་ཧུར་ཐག་བྱེད་པ་བཅས་ཀྱིས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་ཐུན་མོང་ཐོག་མཚན་རྟགས་བཀོད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་དེ་བཞིན་ཕྱི་འབྲེལ་དང་དཔལ་འབྱོར་ཉོ་ཚོང་། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད། 



མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཀྲ་ཕ་ལུའོ་ཧྥུ་དང་སྐུ་ཟླ་ཀྲ་ཕ་ལུའོ་ཝ་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད། 

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་པ་དང་། གུས་ལུགས་དམག་གིས་གྲལ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་ཐོག་ཕེབས་པ་དང་། དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཁེར་གྷི་སི་ཐིན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད། ཀྲ་ཕ་ལུའོ་ཧྥུ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྒྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་ཡོད། 

ཉིན་དེའི་ཉིན་དགུང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཀྲ་ཕ་ལུའོ་ཧྥུ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད། 

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད།  

源:中央广播电视总台藏语广播

编辑:索南卓嘎

责编:巴桑旺堆

编审:旦增晋美


噶尔县融媒体中心
传递权威信息、提供及时资讯、展现多彩噶尔!(互联网新闻信息服务许可证编号:54120230074)
 最新文章