བརྟན་སྲུང་དང་འབད་འཐབ་ཀྱིས་འགན་འཁྲིར་འགྲེལ་བརྗོད་བྱེད་པ།

文摘   2025-02-02 18:27   西藏  

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག མི་ཚང་མ་ནི་མི་སྣ་གཙོ་བོ་ཡིན་པ་དང་། འབད་བརྩོན་ཐམས་ཅད་ནི་ཆེས་རྩ་ཆེན་ཡིན་ལ། འོད་ཟེར་ཡོད་ཚད་ཀྱང་འོད་སྟོང་འཕྲོ་ཐུབ་པ་ཞིག་ཡིན་ཞེས་བསྟན་གནང་ཡོད། 

དཔྱིད་གསར་དུས་ཆེན་རིང་། རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་ཁག་གཅིག་གི་འཛུགས་སྐྲུན་བྱེད་མཁན་རྣམས་ནས་ལས་ཀའི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་ཏེ། དཀའ་སྤྱད་འབད་བརྩོན་དང་སྙིང་རུས་འབད་འབུངས་ལ་བརྟེན་ནས་ལོ་གསར་པར་བསུ་བ་ཞུས་ཡོད་པ་དང་། འཐབ་ཇུས་གལ་ཆེན་དང་རྣམ་གྲངས་གལ་ཆེན་ལ་ཞབས་འདེགས་ཞུ་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། མུ་འབྲེལ་ལེ་ཚན《བདེ་སྐྱིད་ལྡན་པའི་ཐུགས་ཁུར》ཞེས་པ་ལས་དེ་རིང《བརྟན་སྲུང་དང་འབད་འཐབ་ཀྱིས་འགན་འཁྲིར་འགྲེལ་བརྗོད་བྱེད》ཅེས་པ་བཀོད་སྒྲིག་ཞུ་རྒྱུ་ཡིན།

ཀོང་ཞི་ཆིན་ཀྲོའུ་གྲོང་ཁྱེར་ལིང་ཧྲན་རྫོང་གི་ཕིང་ལུའུ་མིས་བཟོས་ཆུ་ལམ་གྱི་མ་ཏའོ་ལྟེ་གནས་ཀྱི་ཨར་ལས་བྱ་ཡུལ་དུ་མ་ཏའོ་ལྟེ་གནས་རྣམ་གྲངས་པུའི་བཟོ་ཁུལ་གྱི་འགོ་འཛིན་ཀྲང་ཡའོ་ཀྲེང་གིས་ལས་བཟོ་པ་ཚོར་ཨར་འདམ་རྒྱག་པའི་ལས་ཀར་བཀོད་འདོམས་གནང་བཞིན་ཡོད། མ་ཏའོ་ལྟེ་གནས་ནི་ཕིང་ལུའུ་མིས་བཟོས་ཆུ་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། འཆར་གཞི་ལྟར་ན། དཔྱིད་གསར་དུས་ཆེན་རིང་མ་ཏའོ་ལྟེ་གནས་ཐོག་གི་ཆུ་སྒོ་གོང་མའི་རྡོ་སྟེགས་དང་པོ་དང་ཆུ་སྒོའི་གཡས་ངོགས་ཀྱི་རྡོ་སྟེགས་ཨང་གཉིས་པ་ཚང་མར་ཐོག་འགེབ་ཚར་བ་བྱ་རྒྱུ་རེད། ལས་ཡུན་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད། ལོ་གཉིས་རིང་ཁྱིམ་དུ་ལོ་གསར་གཏོང་བར་ལོག་མེད་པའི་ཀྲང་ཡའོ་ཡིས་ད་ཐེངས་ཀྱང་ཨར་ལས་ཁུལ་དུ་ལས་གནས་བརྟན་སྲུང་བྱ་རྒྱུའི་ཐག་བཅད་ཡོད། ཀྲང་ཡའོ་ཡིས། དཔྱིད་གསར་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་མིང་ཐོ་འགོད་སྐབས་ང་ཚོ་ནི་སྤྱིའི་ཆ་ནས་འཕྲལ་དུ་མིང་ཐོ་འགོད་མཁན་ཡིན། གང་ལགས་ཤེ་ན། གཅིག་ནས་དཔྱིད་གསར་དུས་ཆེན་གྱི་དུས་སྐབས་ནི་ཨར་ལས་ཀྱི་འགག་རྩའི་དུས་སྐབས་ཡིན་པ་དང་། གཉིས་ནས་བདེ་འཇགས་ལ་འགན་ལེན་བྱ་ཆེད་ཡིན། གལ་ཏེ་ང་རང་ལོག་ཚེ་བློ་ཡང་བདེ་པོ་ཡོང་བ་མི་འདུག་ཅེས་གསུངས་པ་རེད།

ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་ལས་གྲྭ་ཞིག་ཡིན་པའི་ངོས་ནས། ཕིང་ལུའུ་མིས་བཟོས་ཆུ་ལམ་ནི་འཆར་གཞི་བྱས་ན་སྤྱི་ལོ་2026ལོར་ལས་གྲྭ་གཙོ་བོ་རྣམས་ལས་མཇུག་འགྲིལ་བ་བྱ་རྒྱུ་རེད། དཔྱིད་གསར་དུས་ཆེན་རིང་། ཕིང་ལུའུ་མིས་བཟོས་ཆུ་ལམ་གྱི་ལམ་ཐིག་ཧྲིལ་པོར་འགག་རྩའི་ལམ་དུམ་130ལྷག་ཙམ་ཡོད་པ་ཚང་མ་ཨར་སྐྲུན་བྱེད་མུས་ཡིན་པ་དང་། ཕིང་ལུའུ་མིས་བཟོས་ཆུ་ལམ་འཛུགས་སྐྲུན་བྱེད་མཁན་ཆིག་ཁྲི་ལྷག་ཙམ་གྱིས་ལས་གནས་བརྟན་སྲུང་གིས་ལས་གྲྭ་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བཞིན་ཡོད། ཕིང་ལུའུ་མིས་བཟོས་ཆུ་ལམ་ཚོགས་པའི་ཀོང་ཞི་ཕིང་ལུའུ་མིས་བཟོས་ཆུ་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ལས་གྲྭ་དོ་དམ་པུའུ་ཡི་པུའུ་ཀྲང་ཝང་ཞན་ཀྲང་གིས། ང་ཚོའི་ལྟ་ཞིབ་ལས་སྟེགས་ཐོག་ལངས་ནས་བལྟས་ན། གཤམ་འོག་ཏུ་ཡོད་པའི་ཧ་ཅང་མང་བའི་བཟོ་པ་དང་སྒྲིག་ཆས་ཚང་མ་མཐོང་ཐུབ་པས། རྣམ་པ་དེ་ནི་ཧ་ལས་དགོས་པ་ཞིག་ཡོད། མིའི་མི་ཚེ་གང་བོར་དུས་རབས་ཅན་གྱི་ལས་གྲྭ་འདི་འདྲ་གཅིག་མ་གཏོགས་འཕྲད་མི་སྲིད་པས། དེའི་ནང་ཞུགས་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ལྡན་པ་དང་སྤོབས་པ་སྐྱེས་དགོས་པ་ཞིག་རེད། ང་ཚོས་ལྟེ་བའི་ལས་གྲྭ་དང་ཟམ་པའི་ལས་གྲྭ། ད་དུང་གྲུ་ལམ་ལས་གྲྭ་སོགས་འགག་རྩའི་ལས་གྲྭར་སྐུལ་འདེད་མགྱོགས་པོ་བཏང་སྟེ། ཕིང་ལུའུ་མིས་བཟོས་ཆུ་ལམ་གྱི་རྣམ་གྲངས་དེ་སྤྱི་ལོ་2026ལོར་དུས་བཀག་ལྟར་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

སྤྱི་ལོ་2023ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་སྐབས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོའི་སྒོ་ནས་ཕིང་ལུའུ་མིས་བཟོས་ཆུ་ལམ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ལྟར། འཛམ་གླིང་རིམ་པའི་མིས་བཟོས་ཆུ་ལམ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད།

ལེ་དབར་སྟོང་གིས་ཆོད་པའི་ཧོ་པེ་ཞུང་ཨན་ཁུལ་གསར་དུ་ཞུང་ཨན་རྒྱལ་སྤྱིའི་ཉོ་ཚོང་ལྟེ་གནས་ཀྱི་རྣམ་གྲངས་ཀྱང་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། དཔྱིད་གསར་དུས་ཆེན་རིང་། འཛུགས་སྐྲུན་བྱེད་མཁན་400ལྷག་ཙམ་གྱིས་ཁྱིམ་མི་དང་མཉམ་འཛོམས་བྱེད་པའི་གོ་སྐབས་དོར་ནས་འཐབ་ཕྱོགས་དང་པོར་འབད་བརྩོན་བྱེད་བཞིན་ཡོད། རྣམ་གྲངས་ཀྱི་ཐོག་བརྩེགས་མཐོ་ཤོས་ཀྱི་འཛུགས་སྐྲུན་ཐོག་ཁང་མདུན་དུ། བཟོ་པ་ཚོས་ཐོག་བརྩེགས་ཕྱི་རོལ་གྱི་ཐོག་ཁང་བཟོ་སྐྲུན་འཕྲུལ་ཆས་སྡེབ་སྒྲིག་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་རེད། ཀྲུང་གོའི་ཝུའུ་ཡེ་ཞུང་ཨན་རྒྱལ་སྤྱིའི་ཉོ་ཚོང་ལྟེ་གནས་ཀྱི་རྣམ་གྲངས་གཉིས་པའི་བཟོ་ལས་ཁུལ་གྱི་སྤྱི་ཁྱབ་བཟོ་སྐྲུན་པ་གཞོན་པ་ཧྥེང་ཧའོ་ཡིས། འདི་ནི་ཞུང་ཨན་ཁུལ་གསར་གྱི་ཐོག་ཁང་བཟོ་སྐྲུན་འཕྲུལ་ཆས་དང་པོ་དེ་རེད། ང་ཚོས་དཔྱིད་གསར་དུས་ཆེན་རིང་བར་སྣང་ཐོག་ཏུ་ཐོག་ཁང་བཟོ་སྐྲུན་འཕྲུལ་འཁོར་ཚང་མ་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟ་ལེགས་སྒྲུབ་བརྩོན་ལེན་བྱས་ནས། དུས་ཆེན་རྗེས་ང་ཚོས་གཙོ་གཟུགས་ཨར་ལས་ཀྱི་དུས་མཚམས་དེ་ཉིན་དྲུག་ནས་བདུན་བར་ཐོག་བརྩེགས་རེ་རེ་བསྐྲུན་ཚར་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

སྤྱི་ལོ་2019ལོའི་ཟླ་1པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས། པེ་ཅིང་དང་ཞུང་ཨན་གྲོང་ཁྱེར་དབར་གྱི་ལྕགས་ལམ་གྱི་ཞུང་ཨན་ས་ཚིགས་ཀྱི་ཨར་ལས་བྱ་ཡུལ་གྱི་འཛུགས་སྐྲུན་པ་དང་ཁ་པར་སྦྲེལ་མཐུད་གནང་ནས། ཁོང་ཚོ་ནི “ལོ་ངོ་སྟོང་གི་འཆར་གཞི་ཆེན་པོའི”ལམ་འབྱེད་གདོང་ལེན་པ་རེད་ཅེས་བསྔགས་བརྗོད་གནང་ཡོད།

ཞི་ཅིན་ཕིང་གིས། ཁྱེད་ཚོས“ལོ་ངོ་སྟོང་གི་འཆར་གཞི་ཆེན་པོ”དེའི་ཆེད་དུ་ལམ་འབྱེད་གདོང་ལེན་གྱི་ལས་ཀ་བྱེད་བཞིན་ཡོད་པས། བྱས་རྗེས་ཆེན་པོ་ཡིན་ལ། ཁྱེད་ཚོའི་ངོས་ནས་བཤད་ན་ཡང་མི་ཚེའི་དོན་སྙིང་མངོན་འགྱུར་ཆེན་པོ་བྱུང་བ་ཞིག་ཀྱང་ཡིན་ཞེས་གསུངས་ཡོད།

སྦྲུལ་ལོའི་དཔྱིད་གསར་དུས་ཆེན་སྐབས། ཀྲུང་གོ་ཞི་ཐུའུ་ཚོགས་པའི་སྤྱི་ཁྱབ་པུའུ་དང་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཁུལ་དུ་ཡང་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད་ཅིང་། ཨར་ལས་མི་སྣ་360ལྷག་ཙམ་གྱིས་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པ་རེད། 

སྤྱི་ལོ་2019ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་ཀན་ཀྲོའུ་རུ་ཞི་ཐུའུ་ཁེ་ལས་ལ་རྟོག་ཞིབ་གནང་སྐབས། ཞི་ཐུའུ་ནི་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ་བསྐྱར་སྐྱེས་མི་ཐུབ་པའི་ཐོན་ཁུངས་ཤིག་ཀྱང་ཡིན་པས། ཚན་རྩལ་གསར་གཏོད་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། གསར་སྤེལ་བེད་སྤྱོད་ཀྱི་ལག་རྩལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱེད་པ། ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ། རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལྗང་མདོག་གོང་འཕེལ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཐུའུ་ཐོན་ལས་གྱི“རྒྱལ་ཁབ་རུ་ཁག”ཡིན་པའི་ངོས་ནས། ཀྲུང་གོ་ཞི་ཐུའུ་ཚོགས་པ་དེ་སྤྱི་ལོ་2021ལོའི་ཟླ་12པར་ཅང་ཞི་ཀན་ཀྲོའུ་རུ་བཙུགས་ཡོད། མིག་སྔར། ཀྲུང་གོ་ཞི་ཐུའུ་ཚོགས་པའི་སྤྱི་ཁྱབ་པུའུ་དང་ཚན་རྩལ་གསར་གཏོད་ལྟེ་གནས་རྣམ་གྲངས་ཀྱི་ཐོག་ཁང་གཙོ་བོའི་ངར་ལྕགས་སྒྲོམ་གཞིའི་གྲུབ་གཞིར་ཐོག་བཀབ་ཟིན་པ་དང་། རྗེས་མཐུད་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་འཛུགས་སྐྲུན་ཅུས་དང་པོའི་ཀུང་སི་ལྔ་པའི་ཅང་ཞི་ཡན་ལག་ཀུང་སིའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀྲུང་ཀྲི་གོ་ཡིས། མིག་སྔར་རྣམ་གྲངས་འཛུགས་སྐྲུན་ལས་འགན་བརྒྱ་ཆ་60ལེགས་གྲུབ་ཟིན་པ་དང་། སྔོན་དཔག་བྱས་ན་སྤྱི་ལོ་2025ལོའི་ལོ་མཇུག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན། གང་དེ་སྔོན་མ་ལས་ལོ་གཅིག་ཙམ་སྔ་སྣུར་ཐུབ་རྒྱུ་ཡིན་པས། ཞི་ཐུའུ་ཚན་རྩལ་གསར་གཏོད་དང་ཐོན་ལས་བཀོད་སྒྲིག་ལེགས་སུ་གཏོང་ཐུབ་ཅེས་གསུངས་པ་རེད། 

ཤར་རྒྱ་མཚོའི་མཚོ་འགྲམ་ནས་གངས་ལྗོངས་ས་མཐོའི་བར་དང་། བྱང་ཕྱོགས་མཐའ་མཚམས་ནས་ལྷོ་ཕྱོགས་མཚོ་ཁོངས་བར། ངལ་རྩོལ་པ་དང་འཛུགས་སྐྲུན་པ་གྲངས་མེད་ཀྱིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་བརྟན་སྲུང་དང་འབད་འཐབ་ཀྱིས་འགན་འཁྲིར་འགྲེལ་བརྗོད་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད། 

ཞི་ཅིན་ཕིང་གིས། ཤིང་མོ་སྦྲུལ་གྱི་ལོར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྦྲུལ་གྱིས་ལེ་དབར་སྟོང་ལ་བསྐྱོད་པའི་ངར་ཤུགས་ལ་བརྟེན་ནས། ཡིད་ཆེས་བརྟན་གཏོང་དང་རེ་བ་ཆེན་པོས་གསར་གཏོད་ཡར་བརྩོན་དང་ཞུམ་མེད་འབད་འཐབ་བྱས་ཏེ། ཐུན་མོང་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

源:中央广播电视总台藏语广播

编辑:索珍

责编:巴桑旺堆

编审:旦增晋美


噶尔县融媒体中心
传递权威信息、提供及时资讯、展现多彩噶尔!(互联网新闻信息服务许可证编号:54120230074)
 最新文章