ང་ཚོས་རྣམ་རྒྱུན་དུ་གསོལ་སྨན་མཆོད་པའི་སྐབས་གསལ་བཤད་ཡི་གེའི་ཐོག་ཏུ་ཉིན་རེར་ཐེངས་གསུམ་ཞེས་བྲིས་པ་མཐོང་སྐབས། མི་མང་ཆེ་བས་ཞོགས་ཟས་དང་དགུང་ཟས། དགོང་ཟས་བཅས་ཀྱི་སྐབས་སུ་གསོལ་སྨན་མཆོད་ཀྱི་ཡོད། འོན་ཀྱང་། ཉིན་རེར་སྨན་ཐེངས་གསུམ་གཏོང་དགོས་ཞེས་པ་དེ་རིགས་མང་ཆེ་བ་ནི་དོན་དངོས་ཐོག་ཞལ་ལག་མཆོད་པ་དང་ཐད་ཀའི་འབྲེལ་བ་མེད། དེར་བརྟེན། དེ་རིང་རྣམ་པ་ཚོར་ཉིན་རེར་སྨན་ཇི་ལྟར་གཏོང་ཚུལ་སྐོར་ལ་གསལ་བཤད་ཙམ་ཞིག་ཞུ་རྒྱུ་ཡིན།
ཉིན་རེར་གསོལ་སྨན་ཐེངས་རེ་མཆོད་སྟངས།
ཉིན་རེར་སྨན་ཐེངས་རེ་གཏོང་ཞེས་པ་དེ་ནི་ཉིན་རེའི་དུས་ཚོད་གཅིག་ལ་སྨན་ཐེངས་རེ་གཏོང་དགོས་པར་གོ་དགོས། དཔེར་ན། ཉིན་རེའི་ཞོགས་པའམ་ཡང་ན་དགོང་མོ་སྨན་གཏོང་བ་ལྟ་བུ་རེད། སྨན་རྫས་ཁག་ཅིག་གི་གསལ་བཤད་ཡི་གེའི་ཐོག་ཏུ་སྨན་གཏོང་བའི་དུས་ཚོད་གསལ་པོ་བྲིས་ཡོད་ན་གསལ་བཤད་ཡི་གེ་ལྟར་གསོལ་སྨན་མཆོད་དགོས། དཔེར་ན། ཏི་སའེ་མི་སུང་ངམ་ཕོ་ཉིང་སུང་༼地塞米松或泼尼松༽ལྟ་བུ་ཡིན་ན་ཞོགས་ཟས་མཆོད་ཚར་རྗེས་མཆོད་དགོས། དེ་ལྟར་མཆོད་ན་སྨན་ཀྱི་ཕན་ནུས་ཆེ་རུ་གཏོང་ཐུབ་པའི་ཁར་ཞོར་གཏོགས་གནོད་པ་ཡང་ཆུང་དུ་གཏོང་ཐུབ་ཀྱི་ཡོད།
ཉིན་རེར་གསོལ་སྨན་ཐེངས་གཉིས་རེ་མཆོད་སྟངས།
གལ་སྲིད་སྨན་གཏོང་ཐབས་ཐད་ཉིན་རེར་ཐེངས་གཉིས་གཏོང་དགོས་ཞེས་བྲིས་ཡོད་ན། དེ་ནི་ཞོགས་པ་དང་དགོང་མོ་སྨན་ཐེངས་རེ་གཏོང་དགོས་པའི་དོན་ཡིན་པ་དང་། དེ་གཉིས་བར་ལ་ཆུ་ཚོད་12ཡོད་དགོས། དཔེར་ན། གཉན་འཇོམས་སྨན༼头孢克肟༽ལྟ་བུ་རེད།
ཉིན་རེར་གསོལ་སྨན་ཐེངས་གསུམ་རེ་མཆོད་སྟངས།
རྒྱུན་དུ་མི་རྣམས་ནས་ཉིན་རེར་སྨན་ཐེངས་གསུམ་རེ་གཏོང་དགོས་ཞེས་པ་དེ་ནི་ཞོགས་པ་དང་ཉིན་དགུང་། དགོང་མོ་བཅས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག དེ་ནི་ཞོགས་ཟས་དང་དགུང་ཟས། དགོང་ཟས་བཅས་མཆོད་ཚར་བའི་རྗེས་སུ་སྨན་མཆོད་དགོས་པའི་དོན་མ་ཡིན་པར། སྨན་མཆོད་ཐེངས་རེའི་བར་ལ་དུས་ཚོད་ཆུ་ཚོད་8འཇོག་དགོས་པར་གོ་དགོས་པ་དང་། དེ་ནི་ཉིན་གཅིག་གི་ཆུ་ཚོད་24དེ་ཐེངས་གསུམ་ལ་བགོས་ནས་དབྱེ་བ་ཕྱེ་བ་ཞིག་རེད། གལ་སྲིད་ང་ཚོས་ཉིན་མོའི་ཟས་ཐུན་གསུམ་གྱི་དུས་ཚོད་ལྟར་གསོལ་སྨན་མཆོད་པ་ཡིན་ན་དགོང་ཟས་དང་ཕྱི་ཉིན་ཞོགས་པའི་ཞོགས་ཟས་བར་དུས་ཚོད་རིང་ཐག་ཆོད་ནས་སྨན་རྫས་ཀྱི་ཕན་ནུས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།
དཔེར་ན། ནད་དུག་འགོག་སྨན་དང་བརྒྱལ་གཟེར་གྱི་སྨན། ཕཱ་ཅིན་སེན་ནད་འགོག་སྨན། ཁྲག་ཤེད་གཅོག་པའི་སྨན་སོགས་ཟས་ཐུན་གསུམ་གྱི་དུས་ཚོད་ལྟར་མཆོད་པ་ཡིན་ན་སྨན་གྱི་ཕན་ནུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། ཞོགས་ཟས་དང་དགུང་ཟས་བར་རམ། དགུང་ཟས་དང་དགོང་ཟས་བར་གྱི་དུས་ཚོད་དེ་ཆུ་ཚོད་8ལས་ཐུང་བ་ཡོད་པས་ཟས་ཐུན་གསུམ་ལྟར་གསོལ་སྨན་མཆོད་ན་སྨན་རྫས་ཀྱི་གར་ཚད་མཐོ་དྲགས་ནས་མི་འཕྲོད་པའི་སྣང་ཚུལ་ཐོན་སྲིད། མ་ཟད་མི་རྣམས་ཀྱི་ཞལ་ལག་མཆོད་པའི་དུས་ཚོད་ངེས་གཏན་མེད་རྐྱེན་ཟས་ཐུན་གསུམ་གྱི་དུས་ཚོད་ལྟར་གསོལ་སྨན་མཆོད་པ་དེ་ནི་དོ་ནན་གཏན་ནས་མེད་པའི་གནང་སྟངས་ཤིག་རེད།
ཟས་ཐུན་གསུམ་ལ་སྨན་རེ་མཆོད་སྟངས།
གཞན་ཡང་། སྨན་ཡོད་ཚད་ཀྱི་མཆོད་སྟངས་གཅིག་པ་མིན། སྨན་རྫས་ཁག་ཅིག་མཆོད་པའི་དུས་ཚོད་ནི་ཟས་ཐུན་གསུམ་གྱི་དུས་ཚོད་དང་འབྲེལ་བ་ཡོད། དཔེར་ན། ཁྲག་མངར་གཅོག་པའི་སྨན་དང་འཇུ་བྱེད་མ་ལག་སྨན་བཅོས་བྱེད་པའི་སྨན་ལྟ་བུ་ནི་ཁྲག་མངར་རམ་ཕོ་སྐྱུར་གྱི་མཐོ་དམའ་དང་ཞལ་ལག་མཆོད་པའི་དབར་འབྲེལ་བ་ཡོད། དེར་བརྟེན། སྨན་རྫས་དེ་གཉིས་ནི་ཟས་ཐུན་གསུམ་གྱི་དུས་ཚོད་ལྟར་མཆོད་དགོས་པ་ལས་དུས་ཡུན་ཆུ་ཚོད་8འཇོག་དགོས་མེད། འོན་ཀྱང་། སྣང་ཚུལ་དེ་རིགས་ཀྱང་ཉུང་ཉུང་ཡིན་པས། སྨན་རྫས་ཀྱི་གསལ་བཤད་ཡི་གེའི་ཐོག་ཏུའང་དམིགས་བསལ་གྱི་རྟགས་བཀོད་ཡོད། ཟ་མ་ཟས་རྗེས་གཏོང་དགོས་ཞེས་དམིགས་སུ་གསལ་བཤད་བྱས་མེད་པར། ཉིན་རེར་སྨན་ཐེངས་གསུམ་རེ་མཆོད་དགོས་པའི་སྨན་རྫས་ཡིན་ཕྱིན། རབ་བྱུང་ན་ཆུ་ཚོད་8རེ་ནང་ཐེངས་རེ་མཆོད་ན་ལེགས་པ་ཡོད།
来源:科普中国
编辑:索南卓嘎
责编:巴桑旺堆
编审:旦增晋美