རླབས་ཆེན་སྨོན་ལམ་རྒྱ་མཚོའི་མཐུ་གྲུབ་ནས།།
དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་བཞིན།།
གསོལ་འདེབས་འགྲོ་ལ་འདོད་དགུའི་དངོས་གྲུབ་ནི།།
ཡིད་བཞིན་སྩོལ་བ་འཕགས་མཆོག་ས་ཡི་སྙིང་།།
འཇིགས་རུང་གཡང་སར་གོམ་ཁ་འདོར་བ་ཡི།།
བསམ་མེད་བྱིས་པ་མ་ཡིས་མཐོང་བ་བཞིན།།
ནད་མཚོན་མུ་གེས་ཉེན་པའི་སྐྱེ་འགྲོ་ལ།།
བརྩེ་ཆེན་ཐུགས་རྗེས་གཟིགས་ཤིག་འཕགས་པ་མཆོག །
རང་འདོད་ཡིད་བྱེད་དྲི་མས་མ་བསླད་པའི།།
ལྷག་བསམ་བཟང་པོའི་དགེ་རྩ་ཉུང་ངུ་འདི།།
མགོན་ཁྱེད་མཉེས་པའི་མཆོད་པ་ཉིད་དུ་འབུལ།།
བསྟན་དང་འགྲོ་བའི་དཔལ་དུ་བྱིན་རླབས་མཛོད།།
དུས་ཀྱི་རྒུད་པ་རིམ་བཞིན་འཕེལ་བ་ན།།
སྣོད་དང་བཅུད་ཀྱི་དགེ་མཚན་མར་མར་འགྲིབ།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
སྡེ་བཞིའི་དཔལ་ཡོན་ཡུན་དུ་རྒྱས་པར་ཤོག །
མཁན་སློབ་ཆོས་རྒྱལ་ཡབ་མེས་སྲོལ་བཟང་ཉམས།།
འདྲ་མིན་ཆ་ལུགས་སྤྱོད་པས་རྒྱལ་ཁམས་གང་།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
དམ་པའི་རང་ལུགས་ཡུན་དུ་གནས་པར་ཤོག །
བདུད་རིགས་དམ་སྲིའི་ལོག་སྨོན་མཐུ་བཙན་པས།།
དཀར་ཕྱོགས་ལྷ་དང་སྲུང་མའི་དབུ་འཕངས་དམའ།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
དམ་ཅན་སྲུང་མའི་མཐུ་སྟོབས་རྒྱས་པར་ཤོག །
གསར་བྱུང་རིག་གནས་དུ་མས་ས་ཁྱབ་ནས།།
བློ་ཆུང་སྐྱེ་བོ་ལོག་པར་ཁྲིད་དུས་འདིར།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
དགེ་བཅུའི་སྲོལ་བཟང་ཡུན་དུ་གནས་པར་ཤོག །
རྫས་འཕྲུལ་གློག་གི་ཡོ་བྱད་དུ་མ་ཡིས།།
མི་རྣམས་རྣམ་གཡེང་བདུད་ཀྱི་དབང་གྱུར་ཚེ།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
དྲན་ཤེས་བག་ཡོད་རང་ཚུགས་བརྟན་པར་ཤོག །
དབྱར་དགུན་དུས་བཞིའི་འབྱུང་བ་མི་སྙོམས་ཤིང་།།
ནད་མཚོན་མུ་གེའི་བར་ཆད་མང་བའི་དུས།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
བསྐལ་ངན་དུས་ཀྱི་རྒུད་པ་ཞི་བར་ཤོག །
སྲིན་བུས་བ་ཐག་བྲན་པའི་ཕུག་སྟོང་ལས།།
དབེན་པའི་རི་ན་སྒོམ་ཆེན་ཉུང་བའི་དུས།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
རྣལ་འབྱོར་གྲུབ་པས་རི་ཁྲོད་གང་བར་ཤོག །
བསྟན་པའི་གནད་ལ་སྒྲོ་འདོགས་མི་གཅོད་པར།།
ཕྱོགས་རིས་རྩོད་པས་རྣ་བ་གཟེན་དུས་འདིར།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
འཆད་རྩོད་རྩོམ་པས་དགོན་སྡེ་མཛེས་པར་ཤོག །
རྒན་ལ་མི་བརྩི་དམ་པ་མི་བཀུར་ཞིང་།།
ཕ་མེས་སྲོལ་ལ་བརྩི་འཇོག་ཆུང་དུས་འདིར།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
མི་ཆོས་གཙང་མས་འགྲོ་རྒྱུད་མཛེས་པར་ཤོག །
རང་བྱུང་རི་ཆུ་ལམ་དང་ཟམ་གྱིས་བཅད།།
ས་ཡི་བཅུད་ཕྱུང་ཡུལ་གྱི་དཔལ་ཁ་ཉམས།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
གནས་དང་ཡུལ་ལ་བྱིན་གཡང་ཆགས་པར་ཤོག །
ཁ་ཟས་ལོངས་སྤྱོད་རྫས་རིགས་དུ་མ་ཡིས།།
རྒན་གཞོན་ལང་ཚོའི་བཀྲག་མདངས་ཉམས་དུས་འདིར།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
སྐྱེ་འགྲོའི་ཚེ་དཔལ་གཟི་བརྗིད་རྒྱས་པར་ཤོག །
ཉམ་ཐག་མགོན་མེད་དུད་འགྲོའི་སེམས་ཅན་གྱི།།
སྲོག་གཅོད་ཤན་པའི་བཤས་ར་མང་དུས་འདིར།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
དཀར་ཟས་སྤྱོད་པས་ས་སྟེང་གང་བར་ཤོག །
ཆོས་མེད་ཆོས་ལོག་འཚེ་བ་ཆོས་སྨྲ་སོགས།།
འདྲ་མིན་སྐྱེ་བོའི་གསེབ་ཏུ་ཚུད་དུས་འདིར།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
དཀོན་མཆོག་གསུམ་ལ་དད་པ་བརྟན་པར་ཤོག །
རྗེས་འཇུག་བུ་ལ་ཤ་ཚ་ཐུགས་བརྩེ་བའི།།
དམ་པ་གོང་མར་སྐྱོན་བརྗོད་བྱེད་དུས་འདིར།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
གཞལ་བར་དཀའ་བའི་སྐུ་དྲིན་འཁོར་བར་ཤོག །
འགྲོ་འདྲེན་སྐྱེས་ཆེན་དུ་མ་ཞི་བར་གཤེགས།།
ཕ་རྗེས་བུ་ཡིས་ཟིན་མཁན་ཉུང་བའི་དུས།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
མཁས་བཙུན་གྲུབ་པའི་ཡོན་ཏན་འཕེལ་བར་ཤོག །
ཀུན་རྟོག་སེམས་ཀྱི་འཁྲུལ་བའི་རྫུན་རིས་ལ།།
དགའ་སྐྱོ་སྤེལ་མའི་འཁྲུལ་སྣང་མང་དུས་འདིར།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
ལྟ་སྒོམ་སྤྱོད་པའི་རང་ཚུགས་བརྟན་པར་ཤོག །
འབྱུང་འདུས་སྒྱུ་མའི་ལུས་ཀྱི་ཕུང་པོ་ལ།།
ན་རྒ་རྒུད་པའི་རྐྱེན་ངན་ལྡང་བའི་ཚེ།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
འགལ་རྐྱེན་མཐའ་དག་གྲོགས་སུ་འགྱུར་བར་ཤོག །
སྙིགས་མའི་མི་ཚེ་དགུན་དུས་ཉི་མ་དེ།།
ནུབ་རྒྱུད་རི་བོའི་ཕྱོགས་ལ་ཉེ་བའི་དུས།།
འཕགས་མཆོག་ས་ཡི་སྙིང་པོར་གསོལ་བ་འདེབས།།
མཚུངས་མེད་བླ་མའི་ཐུགས་བཞེད་འགྲུབ་པར་ཤོག །
བདག་ལ་བཟང་ངན་ལས་ཀྱིས་འབྲེལ་ཐོགས་ཀུན།།
མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་རྗེས་བཟུང་ནས།།
ཚེ་འདིར་མཐོ་རིས་འབྱོར་བའི་དཔལ་དང་ལྡན།།
ཕྱི་མ་བདེ་ལྡན་ཞིང་དུ་སྐྱེ་བར་ཤོག །
ཅེས་པ་འདི་རང་ལྟ་བུའི་སྨོན་ཚིག་སོགས་ལ་བྱིན་རླབས་དང་དགོས་པ་གང་ཡང་མེད་པ་ཤེས་མོད། སྤྲུལ་མདོ་སྔགས་རིན་པོ་ཆེས་འཕགས་མཆོག་ས་ཡི་སྙིང་པོའི་མཚན་དང་གཟུངས་སྔགས་ཀྱི་དགེ་བསྐུལ་མང་དུ་བྱས་ཤིང་། འདིར་ཡང་ས་སྙིང་འཁོར་ལོ་བཅུ་པའི་མདོ་སྡེ་ཚར་ཁྲི་གཅིག་པར་བསྐྲུན་བྱས་པའི་སྐབས་སུ་དམ་པ་གང་གི་དགོངས་བཞེད་ལྟར། འཆི་མེད་རིག་འཛིན་གྱིས་སྨྲས་རིམ་བཞིན་ཆོས་ཀྱི་གྲོགས་པོ་མི་ཉག་པ་སྐལ་གཅེས་ཀྱིས་ཡི་གེར་ཕབ་པའི་དགེ་བས། སྤྲུལ་པའི་སྐུ་མཆོག་དམ་པ་གང་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་རྒྱས་པའི་རྒྱུར་གྱུར་ཅིག། །།
དག་དང་མ་དག་ཞིང་ཁམས་རབ་འབྱམས་ཀྱི་ཁྱོན་དུ། །
མི་དང་མི་མིན་བྱ་སོགས་མ་ངེས་པའི་གཟུགས་ཀྱིས། །
འཇམ་མགོན་བླ་མས་འགྲོ་དོན་མཛད་པ་ཡི་དྲུང་དུ། །
བདག་ཀྱང་འབྲལ་མེད་འཁོད་པའི་དགེ་ལེགས་ལ་སྨོན་ནོ། །
འཕྲིན་སྟེགས་འདི་ལ་དོ་ཁུར་བྱེད་རོགས།