ལོ་རྒྱུས་ཚན་པ་གསུམ།
མཛད་པ་པོ། མཁན་ཆེན་འཆི་མེད་རིག་འཛིན།
དེ་ཡང་འཇིག་རྟེན་འདིར་སྐྱེས་ནས་བཟུང་ཐམས་ཅད་ཤི་བ་ལས་མི་འདའ་བ་ཡིན།
མི་འགའ་རེ་ནི་ཤི་བའི་སྐབས་སུ་ན་ཟུག་དང་སྡུག་བསྔལ་ཤིན་ཏུ་ཆེ་བའི་ངང་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པའང་ཡོད། འགའ་རེ་ནི་ན་ཚ་དང་ཟུག་གཟེར་ཆེར་མེད་པར་བག་ཕེབས་པའི་ངང་ནས་རྣམ་ཤེས་ལུས་ལས་འཕོ་བའང་ཡོད་པ་ཡིན་ནོ།། དེའི་ནང་ནས་ཀྱང་གང་ཟག་དགེ་སྦྱོར་ཅན་འགའ་རེ་ནི། བླ་མ་བཟང་པོ་ལྟ་བུ་སོགས་ཅི་ཡང་མིན་ཡང་རྟགས་མཚན་ལེགས་པོ་དང་བཅས་འཆི་བའང་ཡོད་དོ། ། དེ་ཡང་རང་ཉིད་ཕྲད་མྱོང་བའི་དགའ་སྐྱོའི་སྣང་བ་སྐྱེ་བའི་གནས་ཚུལ་གསུམ་ཙམ་ཞིག་འདིར་བཀོད་པ་ལ། སྔ་སོར་ཞིག་ན་བླ་རུང་ཆོས་སྡེ་ཆེན་པོའི་སྒར་ཤོད་གནུབས་ཟུར་ཡུལ་ཚོ་ཟེར་བ་དེར་ཨ་ཡེས་བགྲེས་པོ་དགེ་སྦྱོར་ཆེ་ཞིང་བསམ་པ་དཀར་བ་ཞིག་འཆི་ནད་ཀྱིས་བཏབ་ནས་ཡུན་རིང་པོ་མ་སོང་བ་ན། བུ་བུ་མོ་དག་གིས་ཀྱང་རིང་དུ་མི་འཚོ་བ་ཤེས་ནས་ཐམས་ཅད་མཉམ་དུ་འོང་ནས་ནད་གཡོག་བྱས་ནས་བསྡད་ཡོད། ཁོ་བོ་ཉིན་འགའ་རེའི་མཚམས་ནས་དེ་ལ་ནད་འདྲི་རེ་ལ་སོང་། དེ་ནས་འཆི་བ་ལ་ཉེ་བའི་ཉིན་ཞིག་ཁོ་བོ་ལ་ཁྱོད་ཅིག་འོང་རོགས་དགོས་ཟེར་བས་ང་རང་དེར་སོང་བ་ན། ཁྱིམ་མི་ཐམས་ཅད་ཀྱིས་ཀྱང་དགའ་ཡལ་ལེ་བ་ཞིག་བྱས་ནས་བསྡད་འདུག་པ་ལས། སེམས་ནད་ཅི་ཡང་བྱེད་ཀྱིན་མི་འདུག་པ་ལྟ་བུར་སྣང་། ངས་ནད་པ་ཅི་འདྲ་རེད་འདུག་དྲིས་པ་ན། ན་ཟུག་ཆེན་པོ་མི་འདུག ཁར་སང་ཞིག་ནས་སྐར་ཁུང་རྒྱུད་ཀྱི་ཉི་ཟེར་ལ་བལྟས་ནས་ད་ནི་དཀོན་མཆོག་གསུམ་པོ་ང་ལ་བསུ་མ་བྱེད་དུ་སླེབས་བྱུང་བས། ཁྱེད་རང་ཚོས་ཁྱིམ་ལ་སྤོས་དུད་བདུག་ནས་གཙང་སྦྲ་ལེགས་པོ་རེ་གྱིས་ཞེས་ཟེར་བཞིན་འདུག་ལ།
མོའི་སེམས་ཁམས་ཧ་ཅང་དྭངས་མོར་འདུག་པས་ང་རང་ཚོས་ཀྱང་སེམས་ཁུར་ཆེན་པོ་བྱེད་ཀྱིན་མེད་ཟེར། དེ་ནས་ང་རང་ནད་པ་ཡོད་སར་སོང་ནས་འདོན་པ་ཅུང་ཟད་རེ་བཏོན། ཕར་བལྟ་ས་ལ་ཡང་བག་ཕེབས་ལྷོད་ཆགས་ཀྱི་རྣམ་པ་ལས་སྡུག་བསྔལ་ཆེན་པོ་ཅི་ཡང་མི་འདུག་གོ །ང་རང་གི་སེམས་ལ་འདི་འདྲའི་སྣང་བ་སྤྲོ་སང་ངེར་ཤི་ཐུབ་པ་དེ་ནི་མི་སྐྱ་ཕོ་མོ་མ་དགོས་བླ་མ་གྲྭ་པ་དག་གི་ནང་དུའང་དཀོན་མོ་ལྟ་བུ་ཡིན་པས།
དངོས་གནས་ཨ་ཡེས་བགྲེས་པོ་འདི་ནི་དགེ་བ་ཡང་དག་སྒྲུབ་མཁན་དང་མཆོག་གསུམ་ལ་དད་པ་ཆེ་བ་རེ་ཡིན་སྙམ་དུ་ངོ་མཚར་དང་སྤྲོ་བ་སྐྱེས། དེ་ནི་སྤྲོ་བ་སྐྱེ་བའི་ཤི་ཁ་མའི་གང་ཟག་ཅིག་གི་ལོ་རྒྱུས་སོ། །
གཉིས་པ།
ཡང་ཉིན་ཞིག་བདག་ཧོར་དཀར་མཛེས་ས་ཁུལ་གྱི་འབྲོག་སྡེ་ཞིག་གི་ནང་དུ་ཡོད་སྐབས་ཁྱིམ་ཚང་ཞིག་ན་ནད་པ་ཚབས་ཆེན་ཞིག་ཡོད་པས་ཁྱོད་རང་འགྲོ་ཨེ་ཐུབ་ཟེར་གྱིན་འདུག ། དེའི་ཕྱི་ཉིན་ང་རང་ནད་པ་ཡོད་སར་འཕོ་བ་འདོན་དུ་འགྲོ་ཁུལ་བགྱིས། ནད་པ་དེ་བུད་མེད་ལོ་བཞི་བཅུ་ལྷག་ཙམ་ཞིག་ཡིན། ཁོ་རང་ཕོ་ཁའི་ནད་ཀྱིས་ཐེབས་ནས་ཉིན་ཉི་ཤུ་ཙམ་ལ་ཟས་ཁམ་གཅིག་ཀྱང་ཁར་མ་སོང་ལ་ཉིན་མཚན་ཀུན་ཏུ་ན་ཟུག་ཧ་ཅང་ཆེ་ཟེར། ང་རང་གིས་ཇ་ཞིག་འཐུང་ནས་ནད་པའི་རྩར་སོང་བ་ན། ནད་པ་དེ་ནི་ཁ་མདོག་ངན་ཞིང་གསོན་པའི་རེ་བ་གཏིང་ནས་ཟད་པ་ཞིག་ཡིན་ཞིང་། ཡིན་ནའང་ཁོས་ང་ལ་བལྟས་ནས། ཨ་ཁུ་ང་རང་ན་ཟུག་ཆེ་བས་ཉིན་མཚན་རེ་རེ་ཡང་གཏན་ནས་འགྲོ་ཐབས་མི་འདུག་པས། སྐུ་ཚེ་རིང་། ངའི་ཚེ་འདི་རིང་ཐབས་ཤིག་ཨེ་ཡོད་ཟེར་ནས་མཐེ་བོང་སྟོན་གྱིན་འདུག ངས་དེ་མཐོང་ནས་བསམ་པ་ལ་ད་འདི་འདྲ་ཞིག་ལ་ཐུག་སྐབས་ཚེ་རིང་ཐབས་ཤིག་ཇི་ལྟར་ཡོད། དངོས་གནས་སྙིང་རྗེ་བསམས་ནས་འདོན་པ་འགའ་ཀློག་ཁུལ་བགྱིས། སྐད་ཆ་དེ་ཐོས་ནས་ཉིན་མང་པོ་ལ་ནད་པ་དེ་ཅི་ཞིག་རེད་སོང་ཡོད་སྙམ་ནས་སེམས་ལ་ཡང་ཡང་ཤར་གྱིན་འདུག་གོ ། དེས་ན་ད་ལྟ་རང་དབང་ཡོད་དུས་ནས་འཆི་ཆོས་ཡང་དག་རེ་མ་བསྒྲུབས་ན་འཆི་བ་ཐོག་ཏུ་བབས་ཉིན་གཞན་སུས་ཀྱང་སྐྱོབ་ཐབས་མི་འདུག་པས། ས་མཚམས་དེ་ལ་སླེབས་ཉིན་མཐོ་དམན་དྲག་ཞན་སུ་ཡིན་ཡང་དངོས་གནས་དཀའ་མོ་རང་འདུག་གོ །དེ་ནི་སྐྱོ་བ་སྐྱེ་བའི་ཤི་ཁ་མའི་གང་ཟག་ཅིག་གི་ལོ་རྒྱུས་སོ། །
གསུམ་པ།
ཡང་ཁོ་བོ་བླ་རུང་སྒར་དུ་སྡོད་སྐབས་ཤིག་ན། ཉིན་ཞིག་ཁམས་འདྲ་བའི་ས་ཆ་ནས་ཕོ་གསར་ཞིག་དམེ་གྲིར་ཤི་སྟེ་རོ་སྒར་ལ་ཁྱེར་ནས་ཐོན་འདུག ། ང་ལ་ནན་བསྐུལ་བྱས་ནས་ངེས་པར་དུ་ཁྱོད་རང་འཕོ་བ་འདོན་དུ་འོང་རོགས་ཞེས་ཟེར་འདུག ཁོ་བོ་དེར་འཕོ་བ་འདེབས་སུ་སོང་བ་ན། ཁྲག་གིས་གོས་པའི་རོ་དེའི་ཉེ་ཟུར་ན་ཧ་པ་ཁྲ་རི་ལེ་བ་ཞིག་གི་རོ་ཞིག་ཀྱང་བཞག་ཅིང་། དེ་ཡི་ཉེ་གམ་ན་སྙིང་རྗེ་བའི་ཕ་རྒན་བགྲེས་པོ་སོགས་ཉེ་བ་འགའ་རེས་བསྐོར་ནས་ཡོད་དོ། ། དེ་ནས་ངས་འདོན་པ་བཏོན་ནས་ཕྱིར་ལོག་པའི་སྐབས་སུ་ཆོས་གྲོགས་ཤིག་གིས་ང་ལ་རོ་དེའི་ཉེ་གམ་ན་ཧ་པ་ཞིག་གི་རོ་ཡོད་པའི་ལོ་རྒྱུས་བཤད་བྱུང་། རྗེས་སོར་ཁོ་བོས་དོན་དེ་ཞིབ་ཏུ་དྲིས་པ་ན་འདི་ལྟར་ཡིན་ཏེ། དེ་ཡང་ཕོ་གསར་དེ་ནི་སྤྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོའི་ཟླ་བཅུ་པའི་ཚེས་གསུམ་གྱི་ཕྱི་དྲོ་ཞིག་ན་ཁམས་ལྷ་སྒང་གྲོང་ནང་ནས་ཤི་བ་ཡིན། ཁོ་རང་སྐབས་དེར་ལོ་ཉི་ཤུ་རྩ་གཅིག་ཡིན། མི་དེ་ནི་སྤྱིར་བཏང་མི་ཡ་རབས་གཤིས་བཟང་ཞིག་ཡིན། དེ་ཡང་ཁོ་རང་ཚོའི་སྡེ་བ་གཉིས་ཀྱི་བར་ལ་རྐུ་དོན་ཞིག་གིས་གྱོད་ལ་ཐུག་ནས་ཡོད། ཕོ་གསར་དེ་མ་བསད་པའི་སྔར་གྱི་ནུབ་མོར་རྨི་ལམ་ཞིག་རྨིས། ཁོ་རང་གི་ལུས་ལ་གློ་བུར་དུ་མེ་ཞིག་འབར་བྱུང་། རི་ངོས་ཤིག་གི་ཕ་རིའི་ངོ་ལ་བྲོས་ཀྱང་ད་དུང་ལུས་ལ་མེ་འབར་གྱིན་འདུག་ཟེར་ནས་ཁོའི་གྲོགས་པོ་ཞིག་ལ་བཤད་པ་ཡིན། དེ་ནས་ཕྱི་ཉིན་ཁོ་ལྷ་སྒང་གྲོང་ཚོ་རུ་འོང་བ་ཡིན། དེ་ན་སྡེ་བ་དེའི་དགྲ་ཡ་འགའ་ཡོད་པ་ན་ཁོ་རང་ངོ་ཤེས་ནས་ཐམས་ཅད་དམེ་ལ་ཐུག དེ་ནས་ཁོ་ཚོས་ཕོ་གསར་དེ་ལ་གྲི་བརྒྱབས་ནས་ཕོ་གསར་དེ་ཡང་རྒྱང་རིང་ཙམ་ལ་སོང་བ་ན་འགྲོ་མ་ཐུབ་པར་ལམ་ཁ་ཞིག་ནས་ཤི་སོང་། ཁོ་ཤི་ནས་ཅུང་མ་འགོར་བར་མི་གཉིས་རོ་ཟུར་དུ་སླེབས་པ་ན། རྒྱང་རིང་པོ་ཞིག་ནས་ཧ་པ་དཀར་ཁྲ་ཞིག་ཚམ་ཚོམ་མེད་པར་རོ་དེ་ལ་གཏད་ནས་བརྒྱུགས་འོང་བ་ལ། ཟུར་གྱི་མི་གཉིས་ཀྱིས་ཧ་པ་དེ་བཀག་ཀྱང་མ་ཁེགས་པར་རོ་ཐོག་ཏུ་ལྕེབས་ནས། དགའ་དགའ་ལྟ་བུ་ཞིག་བྱས་ཏེ་རོ་ཐོག་ཏུ་འགྱེལ་ནས་ཤི་སོང་། འོན་ཀྱང་ཧ་པ་དེ་གྲོང་གི་ཁྱི་འཁྱམས་ཤིག་ཡིན་པ་ལས་ཁོ་གཉིས་ལ་འབྲེལ་བ་ཅི་ཡང་མེད་ལ། ཕོ་གསར་དེ་ཡང་ས་ཆ་གཞན་པ་ཞིག་ནས་ཡིན་པས།
ས་དེ་ན་ཧ་པ་ངོ་ཤེས་ཤིག་ཡོད་དོན་མེད་དོ། ། འདི་ལ་བསམས་ན། ཕལ་ཆེར་ཧ་པ་དེས་ཁོ་རང་ཤི་བ་དེ་གོ་ནས་བརྒྱུགས་འོང་བ་ལྟ་བུ་ཞིག་འདུག་པ་ལས། གཞན་པ་སུས་ཀྱང་དེ་གཉིས་ལ་ཚེ་འདིའི་སྟེང་ནས་དེ་ལྟར་ཤི་དགོས་པའི་འགྲེལ་བཤད་ཅི་ཡང་བྱེད་དུ་མེད་དོ། ། དེས་ན་ཁོ་རང་གཉིས་སྐྱེ་བ་སྔ་མ་ཞིག་གི་ལས་དང་སྨོན་ལམ་ལྟ་བུའི་དབང་གིས་མཉམ་ཤི་མཉམ་གསོན་བྱས་ནས་འགྲོ་དགོས་པའི་ལས་ཤིག་གིས་ཡིན་པ་མ་ལགས་སམ་སྙམ་མོ། ། འདི་ནི་བཤད་མི་ཤེས་པའི་ཤི་ཁ་མའི་གང་ཟག་ཅིག་གི་ལོ་རྒྱུས་སོ། ། གཏམ་དེ་ཐོས་རྗེས་སུ་སྐྱེ་འཆི་འཁོར་བའི་གནས་ཚུལ་སྤྱི་དང་། སེམས་ཅན་རྣམས་ཀྱི་རང་རང་གི་སྒེར་གྱི་ལས་སྣང་ལ་བསམ་པའི་རྩོམ་ཞིག་བྲི་བར་འདོད་ནས་སྨྲས་པ། ཞེས་ཀྱང་སྨྲས་སོ།།
དག་དང་མ་དག་ཞིང་ཁམས་རབ་འབྱམས་ཀྱི་ཁྱོན་དུ། །
མི་དང་མི་མིན་བྱ་སོགས་མ་ངེས་པའི་གཟུགས་ཀྱིས། །
འཇམ་མགོན་བླ་མས་འགྲོ་དོན་མཛད་པ་ཡི་དྲུང་དུ། །
བདག་ཀྱང་འབྲལ་མེད་འཁོད་པའི་དགེ་ལེགས་ལ་སྨོན་ནོ། །