(རྩོམ་ཡིག་འདི་ནང་བསྟན་གྱི་སོན་རྩར་གྱུར་པའི་བྱིས་པ་ཚོའི་ལས་དབང་ལ་བསམ་སྟེ་བྲིས་པ་ཡིན།)
རྩོམ་ཡིག་འདི་མ་བྲིས་སྔོན་གསལ་པོར་བཤད་འདོད་པ་ནི། དེང་སང་བྱེས་ཀྱི་གདན་ས་ཁག་ཏུ་བོད་མི་རང་ཉིད་ཀྱི་མི་རབས་གསར་པ་ཚོ་གྲྭ་བ་བྱེད་མཁན་ཧ་ལམ་མེད་པ་དང་། ཧི་མ་ལ་ཡ་སོགས་བོད་རིགས་ཀྱི་གྲྭ་རྒྱུན་ཅུང་ཟད་ཡོད་པ་དེ་ཡང་། དུས་རབས་ཉེར་གཅིག་པའི་གངས་རི་བཞིན་ལོ་རེ་ནས་ལོ་རེར་ཇེ་དཀོན་དང་། ཇེ་དམའ་རུ་འགྲོ་བའི་དུས་སྐབས་འདིར། དགེ་འདུན་གྱི་སྡེ་ཁོ་ནར་རག་ལས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་གྲངས་ཀ་ལས་ཀྱང་སྤུས་ཀ་གཙོ་བོར་བཟུང་སྟེ། གྲྭ་རྒྱུན་གསར་བ་དེ་དག་ལ་དམ་ཆོས་འདུལ་བ་དང་མཐུན་པར་གནས་ཀྱི་སློབ་དཔོན་ཚད་ལྡན་རེ་ཡོང་ཐབས་སུ་སྒོ་ཀུན་ནས་འབད་བརྩོན་བྱ་དགོས་པར་དྲན་གསོ་གཏོང་འདོད་པ་ཡིན།
མ་གཞི་བདག་ཅག་གི་སྟོན་པ་རང་ཉིད་ཀྱི་ཐུན་མོང་རྣམ་ཐར་ལ་མཇལ་ཚེ། ཆོས་པ་ནི་རང་ཐག་རང་གིས་བཅད་དེ་ཐོག་མར་འཁོར་བ་འདི་བཙོན་ཁང་ལྟ་བུར་ཤེས་པའི་བློ་གྲོས་ཀྱིས་དྲངས་ཏེ་འཁོར་བའི་ཕུན་ཚོགས་མཐའ་དག་ལ་བློ་ལང་གིས་ལོག་ཅིང་། གཏན་དུ་མི་བསླུ་བའི་དཀོན་མཆོག་གསུམ་ལ་ཡིད་ཆེས་པའི་སྐྱབས་འགྲོ་དང་། སྙིང་རྗེའི་སྒོ་ནས་སེམས་བསྐྱེད་རྒྱུད་ལ་སྐྱེ་བར་བྱས། བར་དུ་ཉོན་མོངས་སྤོང་པའི་ལམ་དུ་ཞུགས་ཏེ་ཐར་བའི་ལམ་སྣ་ཟིན་པར་བྱས། མཐར་ཤེས་རབ་ཆེན་པོས་འཁོར་བར་མི་འཁྱམས་པ་དང་། སྙིང་རྗེ་ཆེན་པོས་ཞི་བ་ཏིང་ངེ་འཛིན་ཁོ་ནར་མི་འཇུག་པར་ཐབས་ཤེས་ཟུང་འཇུག་གི་སྒོ་ནས། མཐའ་དང་ཟད་དུ་མེད་པའི་འགྲོ་བ་མཐའ་དག་དངོས་དང་བརྒྱུད་ནས་ཆོས་ཀྱི་ལམ་བུར་འདྲེན་མཁན་ཞིག་དགོས་པ་ཡིན་ནའང་།
རང་རེ་བོད་ཀྱི་སྔོན་མའི་ལུགས་སྲོལ་ལ་མཚོན་ན། ཐོག་མར་ཕ་མས་བཙན་གྱིས་དགོན་པར་བསྐྱལ། བར་དུ་དགེ་རྒན་དང་དགེ་བསྐོས་ཀྱིས་བསྡམས་ཏེ་ཆོས་ཚིག་མང་པོ་ཨུ་ཚུགས་ཀྱིས་བློ་རུ་འཛིན་བཅུགས། ཐ་མར་མི་ཚེ་དགོན་པར་བསྐྱལ་བའི་ལག་རྗེས་ལྟ་བུར་ཉོན་མོངས་ཆུང་དུ་མ་སོང་ནའང་། བླ་སྤྲུལ་དང་། མཁན་པོ། དགེ་བཤེས་སོགས་མིང་གི་ཆོ་ལོ་སྣ་ཚོགས་པའི་བསླུ་བྲིད་ཀྱི་འོག་ནས་རང་དང་འབྲེལ་བ་ཡོད་པ་ཚོར་ཆོས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་རེ་བྱ་ཐུབ་པ་ཙམ་ནི་སྔར་ཡང་བྱུང་ལ། ད་ལྟ་ཡང་ཡོད་མོད། དགོན་པར་བསྡད་པའི་གྲུབ་དོན་གཙོ་བོ་ནི། ཚེ་འདི་བློ་ཡིས་ཐོངས་པའི་བྱ་བཏང་ཞིག་མ་འཇོན་ཡང་། མ་མཐར་བསྟན་པ་དེ་འཛིན་དང་བཅས་པར་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པར་སྣང་།
དེ་ལྟ་ནའང་རང་རེ་ལྟ་བུའི་སོ་སྐྱེ་ལས་དང་པོ་བ་ཚོས་ཐོག་མར་ཁྱིམ་ཚང་གི་ལམ་ལུགས་ལྟ་བུའི་ཆགས་སྡང་གིས་བསྐྲུན་པའི་སྒྲིག་འཛུགས་ཀྱི་ལམ་བུ་དེ་འདྲ་ཞིག་མ་བརྒྱུད་པར་ཟབ་མོའི་ཆོས་དང་བློ་འདྲེས་པ་ཞིག་ཡོང་ཐབས་ཀྱང་དཀའ་བར་སྣང་།
དེས་ན་ཆོས་བརྒྱུད་སོ་སོའི་དབུ་ཁྲིད་དང་། དགོན་སྡེ་ཁག་གི་མཁན་པོ། གྲྭ་ཚང་སོ་སོའི་དཔེ་ཁྲིད་དགེ་རྒན་གྱི་བཟང་ངན་ཇི་ལྟར་ཡང་། གནའ་བོའི་སྲོལ་ལྟར་ཆུང་དུས་ནས་དགོན་པའི་ནང་སྡོད་ལུགས་འདི་མུ་མཐུད་དགོས་པ་ཞིག་ཡིན་ཕྱིན། དེའི་ཆ་རྐྱེན་གཙོ་བོ་ཞིག་ནི། དམ་པའི་ཆོས་འདུལ་བ་ནས་གསུངས་པའི་གནས་ཀྱི་སློབ་དཔོན་བཟང་པོ་ཞིག་དང་ཕྲད་མིན་ལ་རག་ལས་ཤིང་། གྲྭ་རྒྱུན་བཟང་པོ་ཞིག་འབྱུང་མིན་གྱི་གཞི་རྩ་གཙོ་བོ་ཡང་དེར་ཐུག་ཡོད་དེ། གནས་ཀྱི་སློབ་དཔོན་ནི། དགེ་ཚུལ་གསར་བུ་བ་ཚོར་དམ་ཆོས་འདུལ་བའི་བཅས་མཚམས་ལམ་སྟོན་བྱེད་པའི་དགེ་རྒན་དང་། དགོན་པར་ནང་སེམས་ཀྱི་བརྩེ་ཞེན་དང་ཡིད་ཆེས་བཅོལ་སའི་གཞི་རྟེན་ལྟ་བུར་གྱུར་ཡོད།
གདན་ས་སེ་འབྲས་དགེ་གསུམ་དང་བསྡུར་ན། རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། བོན་པོ་སོགས་ཆོས་བརྒྱུད་གཞན་པ་རྣམས་ལ་གྲྭ་རྒྱུན་དེ་ཙམ་སྤུས་གཙང་དང་སློབ་གཉེར་ཅན་དཀོན་པའང་། ཆུང་དུས་ནས་གནས་ཀྱི་སློབ་དཔོན་བསྟེན་སྲོལ་དེ་ཙམ་མེད་པ་དང་། ཡོད་ཀྱང་ཚད་ལྡན་མིན་པ་ལ་རག་ལས་པར་སྣང་།
དེང་སང་བོད་ཀྱི་གྲྭ་རྒན་འགའ་རེས་ཧི་མ་ལ་ཡའི་བོད་རིགས་ཀྱི་གྲྭ་རྒྱུན་འདི་ཚོས་བསྟན་པར་འགན་དེ་ཙམ་ཁུར་མི་ནུས་པའི་དགོངས་ཚུལ་གསུང་གི་འདུག་མོད། རང་རེའི་མི་རབས་འདི་ཡང་གྲྭ་རྒྱུན་ཧ་ཅང་དཀོན་པའི་ད་ལྟའི་གནས་སྟངས་འདི་ལ་ལྷུང་བ་དེ་རང་མྱི་རང་གིས་མ་འཇོན་པས་ཡིན་པ་ཤེས་གལ་ཆེ།
དེས་ན་ལོ་རྒྱུས་ལ་ཕྱིར་རྟོག་དང་འབྲེལ། ནང་གི་ཀུན་སློང་བཟང་ངན་ཇི་ལྟར་ཡང་། ཕྱི་ཚུལ་ནས་ཚུལ་འཆལ་དགེ་སྦྱོང་གི་རྣམ་པར་ཡོད་པའི་བཙུན་གཟུགས་འདི་དག་ལ་ཡང་། གདན་ས་ཆེན་པོའི་ཕྱག་སྲོལ་ལྟར་དམ་ཆོས་འདུལ་བ་ལ་རྒྱུས་ཡོད་པའི་གནས་ཀྱི་སློབ་དཔོན་ཚད་ལྡན་རེ་བསྟེན་རྒྱུ་ཡོད་ཚེ། འདི་དག་གི་ཁྲོད་ནས་ཀྱང་བཤད་སྒྲུབ་གཉིས་ལ་ཕན་པའི་ཆོས་པ་མི་ཉུང་བ་ཞིག་འབྱུང་རྒྱུ་ཡིན་པར་ཐེ་ཚོམ་ཅི་ལ་དགོས་སྙམ།
དགེ་ལྡན་པའི་གདན་ས་ཁག་ཏུ་ལོ་རེར་གྲྭ་རྒྱུན་གསར་བ་བརྒྱ་ཕྲག་མང་པོ་ཕེབས་ཀྱི་ཡོད་པ་དང་། དེ་དག་ལ་ཡང་ཐོག་མར་དགེ་ཚུལ་གྱི་བསླབ་བྱ་ངོ་སྤྲོད་དང་འབྲེལ། དགེ་འདུན་པའི་ན་བཟའ་བཞེས་ལུགས་དང་། རྒན་བཀུར་གཞོན་བྱམས་བྱ་ཚུལ་སོགས་དམ་ཆོས་འདུལ་བའི་ཀུན་སྤྱོད་ལམ་སྟོན་བྱེད་པའི་གནས་ཀྱི་སློབ་དཔོན་ཡོད་པ་དང་། དེ་དག་གིས་ཉིན་རེའི་འཚོ་བའི་ཁྲོད་དགེ་ཚུལ་གསར་བུ་རྣམས་ལ་ཇི་ལྟར་མས་རང་གི་བུ་ལ་སྙིང་ནས་བརྩེ་ཞིང་གཅེས་སྐྱོང་བྱེད་པ་ལྟར། ཐ་ན་བཤང་གཅི་འདོར་ལུགས་ཚུན་ཆད་ལ་གཟིགས་རྟོགས་ཡིད་འགུལ་གཏིང་ནས་ཐེབ་པ་གནང་གིན་པའི་སྣང་ཚུལ་མང་པོ་ཞིག་མཇལ་ཏུ་ཡོད།
ཆོས་བརྒྱུད་གཞན་ཚོར་མཚོན་ན། གྲྭ་རྒྱུན་དུ་བསྙད་པའི་སློབ་ཕྲུག་གསར་པ་ཚོ་ནི། དེང་སང་གི་ཞག་སྡོད་སློབ་གྲྭ་ལྟར་བྱིས་པ་བཅུ་ཕྲག་འགའ་རེ་ཁང་མིག་གཅིག་ལ་མཉམ་དུ་བརྫངས་ཡོད། དེ་ནི་བྱ་གསོ་ཁང་དུ་བྱེའུ་ཕྲུག་བཅུག་པའི་རྣམ་པ་ལྟ་བུ་ཞིག་ཡིན་ཏེ། མི་གྲངས་མང་ཞིང་གཙང་སྦྲ་ཞན་པས་དྲི་ང་བ་དང་། ཉིན་རེ་བཞིན་བྱམས་བརྩེའི་སྒོ་ནས་གཟིགས་རྟོགས་གནང་མཁན་ཡང་དེ་ཙམ་མེད་ཅིང་། ཐ་ན་ནབ་བཟའ་བཞེས་ལུགས་ཀྱི་སྒྲིག་གཞི་དང་། རྒྱུན་གྱི་སློབ་གཉེར་ཡང་ཧ་ཅང་ཞན་པས་དགོན་སྡེ་ཞིག་ཏུ་ཡོད་པའི་རྣམ་པ་ཆེར་མེད་མཁན་བལ་ཡུལ་སོགས་ན་མང་པོ་ཡོད།
མགོ་ན་བླ་མ་ཞིག་ཡོད་ཀྱང་། བླ་བྲང་དང་དགོན་པའི་འཚོ་བ་ཐ་དད་ཡིན་པ་དང་། སློབ་ཕྲུག་ཚོར་གནས་ཀྱི་སློབ་དཔོན་མེད་པས། བོད་སྐད་བཤད་སྟངས་དང་། འཚོ་བའི་གནས་བབ་སོགས་ཟུར་གང་ནས་བལྟས་ཀྱང་། དགེ་ལྡན་པའི་གདན་ས་ཁག་གི་གྲྭ་ཕྲུག་ཚོ་དང་བསྡུར་ཐབས་གཏན་ནས་མེད་པ་དངོས་ཡོད་ཡིན། ཆོས་བརྒྱུད་གཞན་པའི་ཁྲོད་དེ་འདྲའི་ཞན་ཆ་མང་པོ་ཞིག་ཡོང་དོན་ཡང་གཙོ་བོ་གནས་ཀྱི་སློབ་དཔོན་མེད་པས་ལན།
ངས་འདི་ནས་ཁ་ཚོན་བཅད་ནས་ཤོད་སྤོབས་པ་ནི། གདན་ས་གསུམ་ཕར་ཞོག གལ་སྲིད་ཁྱེད་རང་དགེ་ལྡན་པའི་དགོན་པ་ཞིག་ཏུ་གནས་སྐོར་ལ་སོང་ཚེ། དགོན་འདབས་དང་། གླིང་བར་ནས་གྲྭ་བ་རྒན་གཞོན་སུ་ཞིག་མཇལ་ཡང་། ཕལ་ཆེར་བརྒྱ་ཆ་དགུ་བཅུ་ཐམ་པས་ན་བཟའ་བཞེས་ལུགས་དེས་ཁྱེད་ལ་དང་བ་ཞིག་ངང་གིས་འདྲེན་ནུས། ལྟོས་བཅས་ཀྱིས་བཤད་ན། དེ་ནི་དགེ་ལྡན་པ་སོགས་བཀུར་འོས་ཀྱི་གདན་ས་འགའ་ཞིག་གི་ཁྱད་ཆོས་ལྟ་བུར་གྱུར་ཡོད་ཅིང་། ཁྱད་ཆོས་དེ་ཡང་སྤྱིའི་སྒྲིག་འཛུགས་དང་། ཆུང་དུས་ནས་གནས་ཀྱི་སློབ་དཔོན་ཚད་ལྡན་བསྟེན་པའི་ཡོན་ཏན་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ཞེས་སྨྲ་རུང་བ་ཞིག་ཡིན།
གལ་ཏེ་ཁྱེད་ཅག་གིས་ན་བཟའ་གྱོན་སྟངས་དེ་གཙོ་བོ་མ་རེད། གལ་ཆེ་ཤོས་དེ་ནང་གི་ཉམས་ལེན་རེད་ཅེས་སྨྲ་ན། གྲུབ་ཐོབ་དག་ལ་ནི་སུ་ཞིག་གིས་ཞུ་སྤོབས། དེ་མིན་དམ་པའི་ཆོས་འདུལ་བའི་ལག་ལེན་ཕལ་མོ་ཆེ་ཕྱི་ལུས་ངག་གི་སྤྱོད་པ་དང་འབྲེལ་བའི་བསླབ་བྱ་ཡིན་པ་མ་ཤེས་པའི་སྐྱོན་ཏེ། ཧ་ཅང་སྲུང་སླ་བའི་རང་གི་ལུས་ངག་གི་ཉེས་པ་ཕྲ་མོ་ཙམ་ཡང་ཡང་བསྲུངས་མི་ནུས་མཁན་ཞིག་གིས་ནང་སེམས་འདུལ་ལུགས་གཙོ་བོར་འཆད་ཚུལ་དེ་ནི་ཐོ་ཅོའི་སྤྱོད་པ་ཙམ་མོ། །
མདོར་ན་ངས་འདིར་གནས་ཀྱི་སློབ་དཔོན་ཡོད་པའི་ཕན་ཡོན་ལྔ་ཞུ་བར་འདོད་དེ།
ཕན་ཡོན་ལྔ་ནི།
༡] ཤེས་བྱའི་རྨང་གཞི་སྐད་དང་ཡི་གེ་ཤེས་སླ་བ།
༢] འཚོ་བའི་རྨང་གཞི་འཕྲོད་བསྟེན་དང་གཙང་སྤྲ་བཟང་བ།
༣] སློབ་གཉེར་གྱི་རྨང་གཞི་བསམ་བློ་ནར་སོན་ཚད་མགྱོག་པ།
༤] བཟང་སྤྱོད་ཀྱི་རྨང་གཞི་བརྩི་བཀུར་དང་ཡིད་རྟོན་བྱ་ཡུལ་ལ་སེམས་ཐག་ཉེ་བ།
༥] བསམ་གཞིགས་ཀྱི་རྨང་གཞི་རང་དབང་གིས་དྲི་བ་འདོན་ས་ཡོད་པས་མ་འོངས་པའི་འཚོ་བར་སྤྲོ་སྣང་དང་བརྟན་ཆ་ཆེ་བ་བཅས་སོ། །
ཅེས་པའང་གྲོགས་པོ་འགའ་དང་ལྷན་དུ་གནས་ཀྱི་སློབ་དཔོན་ཡོད་མེད་ཀྱི་ཁྱད་པར་གྱིས་བསྟན་པའི་རྒྱུན་ལ་ཕན་གནོད་ལས་འཕྲོས་པའི་རྩོད་པ་ཕྲན་བུ་བྱས་པ་གཞིར་བཟུང་གིས་ཨ་འདུས་པས་རང་གི་བསམ་ཚུལ་ཤར་མར་ཡི་གེར་བཀོད་པ་འདིས་ཀྱང་བསྟན་རྩར་གྱུར་པའི་དགེ་ཚུལ་གསར་བུ་བ་ཚོའི་འཚོ་བ་ལ་ཕན་ཐོགས་པར་གྱུར་ཅིག །
དཔེ་ཝར་
མཁན་ཆེན་འཇམ་སེང་། མཁན་ཆེན་ཚེ་བརྟན། མཁན་ཆེན་བསམ་འགྲུབ། སློབ་དཔོན
སྐྱེས་ཆེན་དམ་པ་ཁྱེད་ཕེབས་པར་མྱ་ངན་ཞུ།དཔེ་ཝར་མཆོག་སྤྲུལ་མྱུར་བྱོན། གསེར་མདོག་མཆོག་སྤྲུལ།དཔེ་ཝར་རིན་པོ་ཆེ་རྗེས་དྲན། ཀཿ ཐོག་རིག་འཛིན་ཆེན་པོ།དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།རིན་པོ་ཆེ་འཁྲུངས་རབས་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
སྐྱེས་ཆེན་དམ་པ་ཁྱེད་སྐུ་གཤེཊ་པའི་གཏམ་ངན་ཧ་ཅང་བློ་འགྱོད་ཆེ་བ་ལ།
ཁྱེད་ཉིད་༼བྱང་སེམས་ཡེ་ཤེས་གླིང་གི་དྲྭ་༽སྟེགས་སུ་ཕེབས་པར་དགའ་བ་འབུམ་གྱིས་བསུ། འདི་ནས་དུས་ཚོད་ཀྱི་བར་སྟོང་ཡོད་ཚད་བེད་སྤྱོད་དེ་མུ་མཐུད་དུ་༼བྱང་སེམས་ཡེ་ཤེས་གླིང་གི་དྲྭ་༽སྟེགས་དུ་དཔལ་ས་སྐྱའི་སྐྱབས་མགོན་༸གོང་ཡབ་སྲས་དང་། ངོར་ཀླུ་ལྡིང་མཁན་ཆེན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་གཙོས་རིས་མེད་བསྟན་འཛིན་སྐྱེས་ཆེན་དག་གི་བཀའ་སློབ་དང་མཛད་ཕྲིན་སོགས་དམིགས་སུ་བཟུང་ནས་རང་གཞན་གཉིས་ལ་ཕན་པའི་བསླབ་བྱ་འཆད་ཁྲིད་དང་། མཛད་རིམ་ལོ་རྒྱུས་སོགས་སྟབས་བདེའི་འཕྲིན་ལམ་འདི་ནས་སྤེལ་འཆར་ཡོད་པས།
གལ་སྲིད་སྤྱི་སྟེགས་འདི་ལས་སྤྱི་སྒེར་གང་རུང་གི་བདག་དབང་ལ་གཏོར་བཤིག་བྱུང་ཚེ་དོ་དམ་པར་འབྲེལ་ནས་གསར་བཤད་བྱེད་རོགས་དང་། འཕྲིན་སྟེགས་འདི་ནས་བསུབ་ཆོག །མཇུག་ཏུ། བདག་ནི་ཤེས་འཇོན་གང་ཡང་མེད་པའི་གྲྭ་འཁྱམ་དཀྱུས་མ་ཞིག་ཡིན་སྟབས་འདི་ཡི་ཐད་ཕྱོགས་ནས་མ་འགྲིག་པའི་གནས་འདུག་ན་ཆོས་གྲོགས་དང་། ཤེས་ལྡན་ཡོངས་ཀྱིས་ལམ་སྟོན་གནང་བའི་རེ་བ་ཡོད་པས་དེ་ལུགས་ཞུ་མཁྱེན། །