ཌཱ་ཀིའི་གཙོ་མོ་ལྷ་ལྕམ་མནྡྷ་ར་བའི་
རྣམ་ཐར་གསོལ་འདེབས།
བསམ་གཏན་གླིང་པ།
དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ གུས་པའི་ཕྱག་དང་མཎྜལ་དཔག་མེད་ཕུལ༔
དེ་ཚེ་ཨོ་རྒྱན་རྗེ་ལ་འདི་སྐད་གསོལ༔ཀྱེ། ཨོ་རྒྱན་ཡུལ་དུ་རྒྱལ་སྲས་པདྨ་འབྱུང་༔ བསིལ་བ་ཚལ་
སོགས་དུར་ཁྲོད་ཆེན་པོ་བརྒྱད༔སྤྲུལ་པའི་གུ་རུ་མཚན་བརྒྱད་བཀོད་པ་བསྟན༔བོད་ཡུལ་དབུས་སུ་ད་
ལྟ་ཆོས་འཁོར་བསྐོར༔ ཁྱད་པར་གསང་སྔགས་ཆོས་ཕུང་གྲངས་མེད་གསུངས༔ མཁའ་འགྲོའི་གཙོ་མཆོག་
ཨོ་རྒྱན་རྗེ་ལ་འདུད༔ ཌཱ་ཀིའི་གཙོ་མོ་མནྡྷ་ར་ཝ་ཡི༔ རྣམ་པར་ཐར་པ་ལེགས་གསུངས་བཀའ་དྲིན་ཆེ༔
ད་རུང་རྣམ་ཐར་དོན་བསྡུས་གསོལ་འདེབས་ཤིག༔ བདག་ཅག་འདིར་འདུས་མ་འོངས་སེམས་ཅན་
རྣམས༔ བཀླག་པ་ཙམ་གྱིས་ངེས་ཤེས་སྐྱེད་པ་དང་༔ སྒྲིབ་ཀུན་འབྱངས་ནས་བྱིན་བརླབས་དངོས་གྲུབ་
ཐོབ༔ ཚིག་ཉུང་དོན་བསྡུས་ཟབ་དོན་དྲིལ་བ་ཞིག༔ བཀའ་དྲིན་ཆེན་པོའི་གསུངས་པར་མཛད་དུ་གསོལ༔
དེ་སྐད་ཞུས་པས་གུ་རུས་དགྱེས་མདངས་ཕྱུངས༔ ཁྱོད་ཀྱིས་ཉོན་དང་བདག་གིས་ལེགས་པར་བསྟན༔
ས་མ་ཡ༔ ཐོ་རངས་ཙོག་པུར་འཁོད་ལ་ཐལ་མོ་སྦྱར༔ དད་མོས་གདུང་བ་དྲག་པོས་དབྱངས་ཀྱིས་འབོད༔
ཨེ་མ་ཧོ༔ སྔོན་ཚེ་བསྐལ་པ་སྣང་བྱེད་རྒྱལ་པོ་ནི༔ དབང་ཕྱུག་ལྷ་ཡི་སྲས་མོ་གོས་དཀར་མོ༔ ལམ་སྦྱངས་འཁོར་བ་སྤངས་ནས་མངོན་སངས་རྒྱས༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ དེ་འོག་བསྐལ་པ་རིན་ཆེན་བརྡལ་བ་ན༔ བྲམ་ཟེའི་རྒྱལ་རིགས་སྲས་མོ་གར་དབང་སྤྲུལ༔ ཉི་མའི་སྙིང་པོའི་རྒྱལ་སྲིད་ཆོས་ལ་བཀོད༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ བསྐལ་པ་སྒྲོན་མེད་གསེར་ཐུབ་བསྟན་པ་ལ༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་ནས༔ སྐུ་ལྔའི་རང་བཞིན་གདུལ་བྱའི་གླིང་ལྔར་སྤྲོས༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ དབང་ཆེན་ཡབ་ཡུམ་སྲས་མོར་སྐུ་འཁྲུངས་ནས༔ འོད་ཟེར་སྣང་བརྒྱན་ཞེས་གྱུར་རྒྱ་གར་གྱི༔ ཀ་ཎི་ཀ་ཡི་ཡུལ་ཁམས་ཆོས་ལ་བཀོད༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ འཕགས་པས་བྱིན་བརླབས་མུན་གླིང་ཌཱ་མ་རུར༔ པདྨ་སྐྱེས་སྤྲུལ་རྟ་མགྲིན་གྲོགས་སུ་བཀུག༔ ཞི་དང་དྲག་པོས་རྒྱལ་ཁམས་དཀར་པོར་བསྒྱུར༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ལྷ་ཡུལ་བརྒྱ་བྱིན་གནས་སུ་ཀཾ་ཀ་རི༔ དམ་པ་ཏོག་དཀར་མར་གྱུར་ལྷ་མིན་དཔུང་ཚོགས་བརྟུལ༔ གཡུལ་འཇོམས་ཞེས་གྲགས་ལྷ་ཁམས་སངས་རྒྱས་བསྒྱུར༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ འོག་ཕྱོགས་རི་བོ་ནོར་བུའི་རྩེ་མོ་རུ༔ ཀླུ་མོར་སྤྲུལ་ཏེ་ཀླུ་ཡི་ནད་ཀུན་བསལ༔ དྷརྨིན་དྲ་ཞེས་ཀླུ་རྣམས་བྱང་ཆུབ་བཀོད༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ལྷ་མིན་སྲས་མོར་སྤྲུལ་པའི་དཔུང་ཚོགས་ཀུན༔ གདུག་པའི་ཕྲག་དོག་ཐུལ་བས་ཀུན་བཟང་མོར༔ གྲགས་ཏེ་ལྷ་མིན་བདུད་ཚོགས་སྨིན་གྲོལ་བཀོད༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ འོད་སྲུང་དྲུང་དུ་བྱང་ཆུབ་མཆོག་བརྙེས་པ༔ རྒྱལ་པོ་བདེ་སྐྱོང་སྲས་མོར་དཔལ་མཚོར་སྤྲུལ༔ དགེ་སློང་མ་ནི་འབུམ་ཕྲག་རྫོགས་བྱང་ཐོབ༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཤཱཀ་ཐུབ་བསྟན་པར་སྤྲུལ་པ་ཉི་ཤུ་ལྔ༔ དེ་ལས་ཡང་སྤྲུལ་བསམ་མི་ཁྱབ་པར་མཛད༔ གསང་སྔགས་ཐེག་པའི་གྲོལ་ལམ་སྒོ་ཀུན་ཕྱེས༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ དེ་ནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ གསང་སྔགས་སྟོན་པ་བྱེ་བ་ཕྲག་འབུམ་སྤྲུལ༔ དེ་དང་མཉམ་པའི་མཁའ་འགྲོའི་སྐུ་རེ་སྤྲུལ༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཚེ་དཔག་ཡུམ་མཆོག་གོས་དཀར་གནས་ལྔའི་འོད༔ ཞིང་ཁམས་ཀུན་སྤྲོས་དབྱིངས་ཕྱུག་རིགས་ལྔའི་སྤྲུལ༔ བྱིན་བརླབས་ཧྲཱིཿཡིག་ཟ་ཧོར་ཡུལ་དུ་འཕྲོས༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཡབ་ཡུམ་གཟིགས་སྣང་རྨི་ལམ་ངོ་མཚར་བལྟས༔ བསམ་མི་ཁྱབ་པ་ཤིང་ཕོ་རྟ་ཟླ་ཡི༔ ཚེས་བཅུར་སྐུ་འཁྲུངས་ཞལ་ནས་དབྱངས་གསལ་སྒྲོགས༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ འཁྲུངས་མ་ཐག་ནས་ཡབ་ཡུམ་དྲིན་ཕྱག་འཚལ༔ སྙན་པའི་ཀླུ་ཡིས་འཁོར་བར་དགྱེས་པར་སྐྱེད༔ ལྷ་ཡི་ཁྲུས་གསོལ་སྙན་པས་འཇིག་རྟེན་ཁྱབ༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་པ་ཡིས༔ སྐྱོ་ཤས་དྲག་པོས་འཁོར་བར་བློ་ལྡོག་སྟེ༔ དམ་ཆོས་རིག་པའི་གནས་ལྔར་མཁས་པར་སྦྱངས༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ སློབ་དཔོན་དྲི་མེད་ཕག་མོས་ལུང་བསྟན་བཞིན༔ གོ་ཏ་མ་ཡི་མུ་སྟེགས་ཁྱབ་བསལ་དུ༔ རྩོད་པ་འགྲན་པས་མུ་སྟེགས་རྒོལ་བ་བཅོམ༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཟ་ཧོར་བུ་མོ་སུམ་བརྒྱ་ཆོས་ལ་བསྐུལ༔ དཔལ་སྡེ་ཚེ་འདས་ཡབ་ཡུམ་སྡུག་བསྔལ་བསལ༔ བྲམ་ཟེའི་ཤ་རྙེད་རྟེན་གྱི་གཙོ་བོར་བཟུང་༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ བེ་ཏ་ཟ་ཧོར་འཁྲུགས་པ་ཐབས་ཀྱིས་བསྡུམ༔ གོས་དཀར་ལུང་བསྟན་འཁོར་གཡོག་ཆོས་ལ་བཙུད༔ འཁོར་བར་སྐྱོ་བའི་ཐུགས་བསྐྱེད་སྨོན་ལམ་བཏབ༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཕྱོགས་ཀྱི་མཉེ་མོ་སློང་ཏེ་ཡབ་དང་བསྒྲོས༔ འཁོར་བར་མི་ཆགས་རྡོར་སེམས་ལུང་བསྟན་ཐོབ༔ ཐབས་ཀྱི་བྲོས་ཏེ་མཁན་པོར་རབ་ཏུ་བྱུང་༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ མདོ་ཆོས་ཀུན་སྦྱངས་ཁོལ་མོ་ལྔ་བརྒྱ་བཅས༔ ཀུན་དགའ་ར་བར་སྡེ་སྣོད་འཆད་སྤེལ་མཛད༔ པད་འབྱུང་སྤྲུལ་པས་བྱིན་བརླབས་ལུང་བསྟན་ཐོབ༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ སྐྱོ་སངས་བྱོན་པས་ཨོ་རྒྱན་དངོས་དང་མཇལ༔ གདན་དྲངས་ཆོས་ཞུས་ཚེ་ན་བ་རྫིས་མཐོང་། སྐུར་འདེབས་ལ་ཡོག་རྒྱལ་པོས་ཆད་པ་ཕོག༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ པད་འབྱུང་གསོན་བསྲེགས་ཞུས་ཀྱང་རྫུ་འཕྲུལ་བསྟན༔ རྒྱལ་བློན་གནོང་འགྱོད་ཡབ་ཡུམ་ལྷན་ཅིག་བཞུགས༔ ཡབ་ཀྱིས་ཨོ་རྒྱན་ལྷ་ལྕམ་ཕུལ་བར་མཛད༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཟ་ཧོར་རྒྱལ་ཁམས་ཕོ་རྣམས་ཨོ་རྒྱན་བསྐོར༔ མོ་རྣམས་ལྷ་ལྕམ་ཆོས་བསྟན་ཐམས་ཅད་གྲོལ༔ སློབ་དཔོན་གདམས་པས་ལྷ་ལྕམ་རབ་ཏུ་སྨིན༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཆོས་བྲོས་བརྡ་ཆོས་མཐོང་ནས་པད་འབྱུང་དང་༔ ལྷན་ཅིག་བྲག་ཕུག་མཱ་ར་ཏི་ཀར་བྱོན༔ འཆི་མེད་ཚེ་ཡི་རིག་འཛིན་མངོན་དུ་བསྒྲུབ༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཀོ་ཏ་ལ་ཡུལ་རྫུ་འཕྲུལ་ཐབས་ཀྱིས་བརྟུལ༔ མུ་སྟེགས་སྟོན་པའི་མཐུ་ལས་རབ་ཏུ་རྒྱལ༔ ཡོངས་འདུའི་ཚལ་དུ་བགེགས་ཚོགས་དམ་ལ་བཞག༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ པད་འབྱུང་ལུང་བསྟན་ཀོའུ་མ་རི་ལ་བྱོན༔ སྲིན་པོ་ཕོ་མོ་ཐམས་ཅད་ཆོས་ལ་བཀོད༔ འཇའ་ལུས་འགྲུབ་སྟེ་ཡུལ་ཁམས་སྟོང་པར་སྒྱུར༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ རྔམ་པ་ཚལ་ཆེན་ལ་སོགས་ཡུལ་ཆེན་བརྒྱད༔ ཀཱི་ལ་སྒྲོགས་སོགས་ཡུལ་ཆུང་བརྒྱད་རྣམས་སུ༔ སྐུ་ཡི་རྫུ་འཕྲུལ་ཆེ་བརྒྱད་ཆུང་བརྒྱད་བསྟན༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ དེ་ནས་པད་འབྱུང་ཡབ་ཡུམ་ལྷན་ཅིག་ཏུ༔ ཨོ་རྒྱན་ཡུལ་བྱོན་ལོག་ལྟ་ཐབས་ཀྱིས་བསྣུབས༔ ཆོས་འཁོར་བསྐོར་བས་ལྷག་མེད་འཇའ་སྐུར་གྲོལ༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ གུ་རུའི་ལུང་བསྟན་ཤམ་བྷ་ལ་རུ་བྱོན༔ གླིང་ཆེན་ཉེར་ལྔ་རྫུ་འཕྲུལ་ཁོ་ནས་བརྟུལ༔ སྐལ་ལྡན་འབུམ་ཕྲག་བཅུ་གསུམ་འཇའ་སྐུར་གྲོལ༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ དེ་ནས་བྷེ་བྱེད་གཡའ་རིའི་རྩེ་མོར་བྱོན༔ གདམས་པ་ལྷག་མ་མ་ལུས་རྫོགས་པར་གནང་༔ སྤྲུལ་པའི་ཨུཏྤལ་དཀར་དམར་བལ་བོད་སྤྲོས༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ ལྷག་མེད་འཇའ་སྐུར་ནམ་མཁའི་ཀློང་དུ་ཡལ༔ འོག་མིན་པདྨོ་བཀོད་དུ་རབ་གཤེགས་ནས༔ ཡུམ་མཆོག་གསང་བ་ཡེ་ཤེས་སྐུ་རུ་གྱུར༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ སློབ་འབངས་རིག་འཛིན་དགུ་བརྒྱ་ལྷན་ཅིག་ཏུ༔ འཇའ་སྐུར་ཐིམ་ནས་སྤྲུལ་པས་དོན་བྱེད་གྱུར༔ གང་འདུལ་མཁའ་འགྲོའི་སྤྲུལ་པ་རྒྱུན་མ་འཆད༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ བདེ་བ་ཅན་དུ་གོས་དཀར་གསང་ཡེ་ཡུམ༔ མཁའ་སྤྱོད་གནས་སུ་གར་གྱི་དབང་མོར་གྲགས༔ ཟ་ཧོར་ཡུལ་དུ་དུང་སྨན་དཀར་མོ་ཞེས༔ མནྡྷ་ར་བའི་ཞབས་ལ་གསོལ་བ་འདེབས༔ བདག་སོགས་སྐྱེ་དང་ཚེ་རབས་ཐམས་ཅད་དུ༔ ཡུམ་མཆོག་ཌཱ་ཀྐི་ཁྱོད་དང་མི་འབྲལ་ཞིང་༔ གནས་སྐབས་མཐར་ཐུག་འཇིགས་པ་ཀུན་གྲོལ་ཏེ༔ རྣམ་ཐར་འགྲུབ་ནས་མངོན་སངས་རྒྱས་པར་མཛོད༔ མི་མཐུན་ཀུན་ཞི་བར་ཆད་མ་ལུས་ཞི༔ བསམ་དོན་མྱུར་འགྲུབ་གཞན་དོན་མཐར་ཕྱིན་ནས༔ འཁོར་བའི་གནས་སྟོང་རྒྱལ་ཡུམ་གོ་འཕང་ལ༔ འགོད་པའི་མཐུ་ནུས་འགྲུབ་པར་བྱིན་གྱིས་རློབས༔ དེ་སྐད་མ་ཡེངས་རྩེ་གཅིག་འབད་པ་ན༔ ཚེ་རབས་བསགས་པའི་སྡིག་ལྟུང་ལྷག་མེད་འབྱངས༔ ས་ལམ་
ཡོན་ཏན་ཀུན་རྫོགས་མཁའ་འགྲོ་མཇལ༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ༔ སྔོན་ལས་ནད་གདོན་
བར་ཆད་མ་ལུས་བཟློག༔ ཚེ་རིང་ནད་བྲལ་ལོངས་སྤྱོད་འབྱོར་བས་ཕྱུག༔ གང་བས་ལྷུན་གྲུབ་ཕྱི་མ་མ་ཡིས་
འདྲེན༔ བདེ་བ་ཅན་དུ་སྐྱེ་བར་གདོན་མི་ཟ༔ དེ་ཕྱིར་མ་འོངས་སེམས་ཅན་བོད་འབངས་ཀུན༔ རྣམ་ཐར་འདི་ཉིད་
འབྲི་དང་ཀློག་པ་དང་༔ ཕྱག་མཆོད་དད་གུས་གསོལ་བ་གང་བཏབ་པ༔ དེ་ཡི་བསམ་པ་ཐམས་ཅད་ལྷུན་གྱིས་
འགྲུབ༔ ནད་ཡམས་འཁྲུགས་རྩོད་ལོ་ཉེས་ཆར་དཀོན་ན༔ རྣམ་ཐར་འདི་ཉིད་དག་པར་ཀློག་འདོན་ན༔ ནད་
ཡམས་རྒྱུན་ཆད་འཁྲུགས་ཞི་ལོ་ཏོག་ལེགས༔ བྱད་ཁ་རྦོད་གཏོང་དམོད་པ་བྱུང་གྱུར་ན༔ འདི་ཉིད་བཞེངས་
དང་བཀླགས་པས་རང་སར་ཞི༔ དུས་མིན་འཆི་བས་གཙེས་པར་གྱུར་པ་ལ༔ འདི་ཉིད་བརྒྱ་ཀློག་ཚེ་ཡི་བར་
ཆད་སེལ༔ དབུལ་འཕོངས་ཉམ་ཐག་རྐང་བཞི་གོད་བྱུང་ན༔ འདི་ཀློག་གོད་ཞི་ལོངས་སྤྱོད་དཔལ་འབྱོར་ཕྱུག༔
བུ་ཚ་འདོད་ན་འདི་བཀླག་རིགས་རྒྱུད་འཕེལ༔ གཞན་ཡང་རྣམ་ཐར་འདི་ཉིད་སུས་འཆང་བ༔ དེ་ཡི་བསོད་
ནམས་ཐམས་ཅད་འབད་མེད་འགྲུབ༔ དགོན་པ་ཡུལ་འཁོར་གྲོང་དང་གྲོང་ཁྱེར་སོགས༔ གང་གི་ཁྱིམ་དུ་རྣམ་
ཐར་འདི་བཞུགས་ན༔ འདྲེ་གདོན་འབྱུང་པོ་དཔག་ཚད་ཉེ་མི་ནུས༔ འབྲེལ་ཐོག་ཚེ་འདས་དོན་དུ་བརྒྱ་ཆེར་
བཀླག༔ ངན་སོང་ལས་ཐར་མཐོ་རིས་མཁའ་སྤྱོད་བགྲོད༔ འདི་ཡི་ཕན་ཡོན་བསམ་འདས་བརྗོད་མི་ལང་༔
ལུས་ལ་འཆང་བས་གྲིབ་མ་ཕོག་ཀུན་གྲོལ༔ མཚོན་གྱིས་མི་འཇིགས་དུག་གི་གནོད་མི་ནུས༔ ཤུ་བ་གཡེམ་པ་
མཛེ་དང་ཕོལ་མིག་ཞི༔ ནད་གདོན་བགེགས་རིགས་ཉེ་བར་གནོད་མི་ནུས༔ ལམ་དུ་ཞུགས་ཀར་འདི་ཉིད་
བཀླག་གྱུར་ན༔ དགྲ་ཇག་འཕྲང་དང་བར་ཆད་གནོད་པ་ཞི༔ རྟག་ཏུ་འདི་ལ་ཕྱག་བསྐོར་མཆོད་བྱེད་ན༔
དེ་ནི་བདེ་བ་ཅན་དུ་ངེས་པར་འགྲོ༔ འདི་ལ་བརྩོན་ཤིག་མ་འོངས་འགྲོ་བ་རྣམས༔ ཞེས་སོ༔ས་མ་ཡ༔
ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡྷ་ར་ཝའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ རྣམ་ཐར་གསོལ་འདེབས་
ཀྱི་ལེའུ་སྟེ་སོ་བདུན་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔
དཔེ་ཝར་
མཁན་ཆེན་འཇམ་སེང་། མཁན་ཆེན་ཚེ་བརྟན། མཁན་ཆེན་བསམ་འགྲུབ། སློབ་དཔོན
སྐྱེས་ཆེན་དམ་པ་ཁྱེད་ཕེབས་པར་མྱ་ངན་ཞུ།དཔེ་ཝར་མཆོག་སྤྲུལ་མྱུར་བྱོན། གསེར་མདོག་མཆོག་སྤྲུལ།དཔེ་ཝར་རིན་པོ་ཆེ་རྗེས་དྲན། ཀཿ ཐོག་རིག་འཛིན་ཆེན་པོ།དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།རིན་པོ་ཆེ་འཁྲུངས་རབས་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
སྐྱེས་ཆེན་དམ་པ་ཁྱེད་སྐུ་གཤེཊ་པའི་གཏམ་ངན་ཧ་ཅང་བློ་འགྱོད་ཆེ་བ་ལ།
སྐྱབས་རྗེ་དཔེ་ཝར་རིན་པོ་ཆེའི་སྐུ་པར་རྩ་ཆེན་འགའ།
དཔེ་ཝར་མཆོག་སྤྲུལ་རྡོ་རྗེ་འཆང་གི་རྣམ་བསྡུས་བཞུགས། བླ་མ་མཁྱེན།
ཁྱེད་ཉིད་༼བྱང་སེམས་ཡེ་ཤེས་གླིང་གི་དྲྭ་༽སྟེགས་སུ་ཕེབས་པར་དགའ་བ་འབུམ་གྱིས་བསུ། འདི་ནས་དུས་ཚོད་ཀྱི་བར་སྟོང་ཡོད་ཚད་བེད་སྤྱོད་དེ་མུ་མཐུད་དུ་༼བྱང་སེམས་ཡེ་ཤེས་གླིང་གི་དྲྭ་༽སྟེགས་དུ་དཔལ་ས་སྐྱའི་སྐྱབས་མགོན་༸གོང་ཡབ་སྲས་དང་། ངོར་ཀླུ་ལྡིང་མཁན་ཆེན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་གཙོས་རིས་མེད་བསྟན་འཛིན་སྐྱེས་ཆེན་དག་གི་བཀའ་སློབ་དང་མཛད་ཕྲིན་སོགས་དམིགས་སུ་བཟུང་ནས་རང་གཞན་གཉིས་ལ་ཕན་པའི་བསླབ་བྱ་འཆད་ཁྲིད་དང་། མཛད་རིམ་ལོ་རྒྱུས་སོགས་སྟབས་བདེའི་འཕྲིན་ལམ་འདི་ནས་སྤེལ་འཆར་ཡོད་པས།
གལ་སྲིད་སྤྱི་སྟེགས་འདི་ལས་སྤྱི་སྒེར་གང་རུང་གི་བདག་དབང་ལ་གཏོར་བཤིག་བྱུང་ཚེ་དོ་དམ་པར་འབྲེལ་ནས་གསར་བཤད་བྱེད་རོགས་དང་། འཕྲིན་སྟེགས་འདི་ནས་བསུབ་ཆོག །མཇུག་ཏུ། བདག་ནི་ཤེས་འཇོན་གང་ཡང་མེད་པའི་གྲྭ་འཁྱམ་དཀྱུས་མ་ཞིག་ཡིན་སྟབས་འདི་ཡི་ཐད་ཕྱོགས་ནས་མ་འགྲིག་པའི་གནས་འདུག་ན་ཆོས་གྲོགས་དང་། ཤེས་ལྡན་ཡོངས་ཀྱིས་ལམ་སྟོན་གནང་བའི་རེ་བ་ཡོད་པས་དེ་ལུགས་ཞུ་མཁྱེན། །