ནུ་བོས་ཕུ་བོ་ཕུལ་བའི་སྙིང་གཏམ། བཙན་རལ།

文摘   2023-11-21 23:53   西藏  

ཕུ་བོ་འབྲོང་འཁྱམ་པོ་ལགས་སུ་རྟེན་འབྲེལ་ཞུ་བ་དང་བཅས།


《ཕུ་བོ་འབྲོང་འཁྱམ་པོ་འམ་ཨོ་རྒྱན་བསྟན་འཛིན》ཁྱེད་རང་ལས་གནས་གསར་པར་ལེགས་གྲུབ་བྱུང་བར་རྟེན་འབྲེལ་དང་དགའ་བསུ་ཚད་མེད་ཞུ། ཁྱེད་ཀྱིས་ང་ཚོའི་ཕ་འདས་པོ་ཟངས་རི་སྨན་རྒན་རྣམ་རྒྱལ་མཆོག་གི་བཀས་བསྐུལ་ཇི་བཞིན། ལོ་ངོ་བཅུ་གཉིས་ཀྱི་རིང་དུ་ཟླ་ཕོགས་ཕྲ་ལ་ཕྲན་བུ་ཙམ་རོལ་ཞིང་། ཡུལ་སྡེ་མི་དམངས་གཙོར་བྱས་ཀྱི་ཉམ་ཐག་ནད་པ་ཚོར་ཉིན་མཚན་དབྱེར་མེད་དུ། དཀའ་བ་དང་བླངས། ངལ་བ་ཁྱད་བསད་བྱས་ཏེ་འཚོ་བ་ངན་ངོན་རོལ་བས་དཀའ་ལས་མྱངས་སོང་། དོན་དངོས་བསམ་ན་འདས་སོང་གི་ལོ་ངོ་བཅུ་གཉིས་དེ་ནི་བརྗེད་པར་དཀའ་བའི་མི་ལོ་བཅུ་གཉིས་རེད་ལ། མི་ལོ་བཅུ་གཉིས་དེའི་རིང་གི་བྱ་བ་ནི་དོན་སྙིང་ལྡན་པའི་བྱ་བ་འབའ་ཞིག་རེད། ད་ཆར་ལོ་ངོ་བཅུ་གཉིས་ཀྱི་རྗེས་སུ་ཏག་ཏག་ལས་གནས་དངོས་ཀྱི་ལམ་ཁར་བསྙེགས་ཐུབ་སོང་ཡང་། འདས་དོན་དང་སྔོན་འདྲིས་ཀྱི་ཡུལ་སྡེ་མི་དམངས་དག་ཅི་ནས་ཀྱང་བརྗེད་མི་ཉན། ཁ་སྔོན་བདག་ཅག་ལ་དངོས་ཤུགས་རྒྱུད་གསུམ་ནས་བཀའ་དྲིན་བླ་མེད་དུ་ཆེ་བའི་དྲིན་ཆེན་ཨ་ཁུ་དམ་པའི་དགོངས་རྫོགས་ཀྱི་སྐབས་དེར། ཉིན་ཞིག་ཁྱོད་ཀྱིས་ཡིག་རྒྱུགས་གཏོང་ས་ཞིག་འདུག་མོད། ད་ཆར་གང་ལ་བསམ་ན་གཡུག་འཇོག་པའི་སྐད་ཆ་དེ་ང་ལ་བཤད་པ་དང་། ངས་ལམ་སེང་ཡིག་རྒྱུགས་སྤྲོད་དགོས་པའི་རེ་བ་འཆང་བ་ཇི་བཞིན། དེ་དེ་བཞིན་དུ་འགྲུབ་སོང་། དེ་སྔོན་ལོ་ངོ་བཅུ་གཉིས་དེའི་རིང་དུ་ཁ་ཐག་དང་སེམས་ཐག་ཉེ་བ་མང་པོས་ད་ནི་ལས་གནས་དགོངས་ཞུ་བྱས་ཏེ།  སྒེར་གྱི་སྨན་ཁང་ཞིག་སྒོ་ཕྱེས་ན་ལེགས་ཚུལ་གྱི་སྐད་ཆ་རབ་དང་རིམ་པ་བྱུང་མྱོང་བ་མ་ཚད། བདག་གིས་ཀྱང་རྒྱུ་མཚན་གཞན་མེད་པར་མ་གཞི་གཟུགས་པོ་བདེ་པོ་མིན་ཁར། ཉིན་མཚན་བསྟུད་མར་ལས་ཞུགས་བྱེད་དགོས་པ་ལྟ་བུའི་ངང་ཚུལ་འགའ་མཐོང་འཕྲལ། དཀའ་ངལ་འདི་འདྲ་དགོས་ན་ལུས་པོས་འཁྱོང་ས་མ་རེད་བསམ་ནས་སེམས་ཁུར་བྱུང་མྱོང་ཡོད། དེ་དག་ནི་སེམས་གཏམ་ཡིན་ཡང་རང་གི་དམིགས་མདུན་དངོས་དེ་མིན་ཕྱིར། དཀའ་ངལ་ལ་གདོང་གཏད་དེ་ཡོད་ཚད་རྒྱབ་ཏུ་བཞག་ནས་བསྡད་སོང་། ཡོད་ཚད་མཐར་གཏུག་ན་དྲིན་ཆེན་ཨ་ཕ་འདས་པོ་ཟངས་རི་སྨན་རྒན་ལགས་འདའ་ཁའི་ཞལ་ཆེམས་རང་ཡིན་ལ། ཁོང་གི་བསམ་ཚུལ་དང་། བྱ་བ་བྱེད་ཡ་ནི། ཉམས་ཐག་ནད་པར་ཕན་གང་ཐོགས། ནད་ཇི་ལྟར་འཆོས་དགོས་མིན་ལས། གོ་ཐོབ་དང་དཔལ་འབྱོར་མིན། ངེས་དོན་གྱི་དམངས་ཕན་སྨན་པ་ཟེར་བ་དེ་ཡང་འདི་འདྲ་ཞིག་ཅི་ལ་ཡིན་མི་འོས། ཁོང་ནི་དེང་སྐབས་ཀྱི་སྐད་བྱས་ན་སྤྱི་ཕན་གྱི་བྱ་བ་འབའ་ཞིག་སྒྲུབ་མཁན་ཡིན་པ་ནི། ངས་བཤད་མི་དགོས་པར་ཡུལ་སྡེ་མི་དམངས་ཀུན་གྱིས་ཤེས་གསལ་ལྟར་རེད། དེ་ལྟར་ན་ཕ་རྗེས་བུ་ཡིས་འཛིན་པ་དང་། ཕ་ཡི་ཁ་ཆེམས་བུ་ཡིས་སྒྲུབ་པ་ནི་དོན་དངོས་དང་རྒྱུ་འབྲས་ལ་མཐུན་པ་ཞིག་ཡིན། ཕ་མའི་རེ་བ་ཡང་དེ་རེད་ལ། ཕ་མར་ཞབས་ཞུ་དང་དེ་གས་འཐུས། ཁྱོད་ཀྱིས་ཡིག་རྒྱུགས་འཕྲོད་འདུག་ཟེར་བའི་གཏམ་དེ་ཕ་མ་གཉིས་པོས་ཐོས་པ་དང་ཤིན་ཏུ་དགའ་འདུག སྐབས་རེར་མ་རྒན་གྱིས་ད་ང་ལོ་ཆེ། ན་རྒྱུ་ཡང་ཆེ་བས། ཨོ་བསྟན་ས་ཐག་རིང་ལ་སོང་ན་སེམས་ཕྲལ་འདུག་ཡང་ཟེར་གྱིན་གདའ། འཇིག་རྟེན་གྱི་དཀར་ངོག་འདིར་ཁྱོད་ལ་སེམས་ཐག་ཉེ་མཁན། བསམ་པ་བཟང་མཁན་ཇི་སྙེད་ཅིག་ཡོད་ནའང་སོ་སོའི་ཕ་མ་ལས་ལྷག་པའི་བསམ་པ་བཟང་མཁན་སེམས་ཐག་ཉེ་མཁན་ཞིག་ནི་ཡོད་མི་སྲིད་པ་ཞིག་ཡིན་ངེས། ད་ཆར་བཞུགས་ཡོད་པའི་ཕ་མ་གཉིས་དང་། བཞུད་ཟིན་པའི་ཨ་ཕ་དང་ཨ་ཁུའི་བསམ་པ་འགྲུབ་སོང་བ་མ་ཚད། གཉེན་ཉེ་རིང་། སེམས་ཐག་དང་ཁ་ཐག་ཉེ་བའི་གྲོགས་དགའ་མཛའ་ཚོའི་འདོད་པ་ཇི་བཞིན་བྱུང་སོང་། རྒོད་སོང་། ཡག་སོང་། ཨ་མའི་བུ། སྐྱེས་པ་ཕོ། ཁ་དགེ་བཀྲ་ཤིས།  ད་དུང་མུ་ནས་གནས་གང་དེའི་ཉམ་ཐག་ནད་པ་ཚོར། ལུས་ཀྱི་སྒོ་ནས་བཤའ་བཅོས་དང་ཁབ་སོགས་རྒྱག་སྐབས་ཅི་བྱམས་བྱམས། ངག་གི་སྒོ་ནས་ནད་བཤད་དང་སྤྱོད་ལམ་འཆད་སྐབས་ཅི་འཇམ་འཇམ། ཡིད་ཀྱི་སྒོ་ནས་ཕ་འདས་པོའི་ཞལ་ཆེམས་དང་གཞུང་གི་དངུལ་ཕོགས་བླངས་བ་དེ་སྣང་མེད་མི་བྱེད་པར། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡུག་བསྔལ་གྱིས་མནར་བའི་ཉམ་ཐག་ནད་པར་ཞབས་ཞུ་ཚད་ལྡན་ཚུལ་མཐུན་ཞིག་སྒྲུབ་ཨ་བསམ་པའི་བསམ་བློ་བརྟན་པོ་འཛིན་པ་མ་ཟད་དེ་ལྟར་ལག་བསྟར་དངོས་བྱེད་པའི་རེ་བ་ཞུ། དེང་སང་གི་སྨན་པ་འགའ་རེ་ནི། ཆོས་ལུགས་པའི་རྒྱུགས་ཁྱི་དངོས་འདྲ་བོ་ཡོང་གི་འདུག་པས། དེའི་ཕྱོགས་ལ་ཅི་ནས་གཟབ་རྒྱུ་དོ་གལ་ཆེ། སྨན་པའི་བྱ་བ་ནི་ནད་པར་འཆོས་ཡ་དེ་ཡིན་པ་ལས། ཆོས་ལུགས་གྲུབ་མཐའ་རྩོད་ཡ་དེ་མིན། སྨན་པས་ཆོས་བྱེད་དང་མི་བྱེད་དེ་རང་གི་འདོད་མོས་ཤིག་རེད་ལ། སྨན་པས་ནད་པར་ཡག་པོ་མ་བལྟས་ན་རྒྱུ་འབྲས་སྣོག་པ་རང་རེད། དེའི་ཕྱོགས་ལ་ངེས་པར་བསམ་བློ་གཏོང་བར་ཞུ། དཔེར་ན། གཡུ་ཐོག་གསར་རྙིང་གི་རྩོད་རྙོག རྒྱུད་བཞི་སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་རྩོད་རྙོག རྒྱུད་བཞི་དང་འབུམ་བཞི་གང་སྔའི་ རྩོད་རྙོག བོད་སྨན་བན་བོན་གང་གི་ཁོངས་སུ་གཏོགས་མིན་གྱི་ རྩོད་རྙོག བཅས་མདོར་ན་སྨན་པ་འགའ་རེ་ནི་མི་དགོས་པའི་རྩོད་རྙོག་འབའ་ཞིག་དང་དུ་བླངས་ནས་བསྡད་འདུག་པའི་སྣང་ཚུལ་འབྱུང་གི་འདུག་ཕྱིར་འདི་དག་བསྐུལ་མ་ཙམ་གྱི་དོད་དུ་སྨྲས་པ་ཙམ། སྤྱིར་ན་གང་དང་སུ་ལ་ཡིན་ན་ཞུ་དག་དང་ཞིབ་འཇུག་བྱེད་ཡ་གལ་ཆེ་མོད། ད་ཆར་ཕྱོགས་ལྷུང་དང་ཕྱོགས་ཞེན་གྱི་དབང་དུ་ལྷུང་དྲགས་པས་དེ་ཚོར་ཇུས་གཏོགས་བྱེད་པ་ལས་སྣང་མེད་དུ་གཡུག་ནས་རང་གི་ལས་དོན་ལག་ཐོག་སྨན་བཅོས་བྱེད་ཡ་དེ་ཅི་ནས་ཀྱང་གལ་ཆེ། མཐར་དེད་ན་ཆོས་ཞེན་ཕྱོགས་ལྷུང་གི་བྱ་བ་ནི་ཆོས་འཇིག་རྟེན་གང་ལའང་མི་དགོས་པ་ཞིག་ལས་བྱེད་འོས་པ། བྱས་ན་འབྲས་བཟང་ཡོད་པ་ཞིག་མིན། མདོར་ན་མི་ཚེ་དེ་གའི་རིང་ལ་དང་པོ་རང་གི་ཨ་ཕ་ཟངས་རི་སྨན་རྒན་ནས། རྒྱུད་བཞི་བློར་འཛིན་དང་ལག་ལེན་སྦྱོང་བརྡར། དེ་ནས་གསོ་རིག་སློབ་ཆེན་གྱི་སློབ་དཔོན་གྲངས་ལས་འདས་པ། དེ་མིན་སྒེར་གྱི་སྨན་རྒན་མང་དག་ལ་བསྟེན་ནས་ད་ཆར་ཉམས་མྱོང་དང་། ལག་རྩལ་གང་ལ་བསམ་ན་གཞན་དྲིང་མི་འཇོག་པ་ཞིག་ཡོད་པ་དེ་དོན་མེད་ཆུད་ཟོས་སུ་མི་ཡོང་བའི་སྨོན་ལམ་དང་རྟེན་འབྲེལ་ཡང་ནས་ཞུ། ང་ཚོ་མིང་སྲིང་བརྒྱད་ཡོད་པ་ལས། གཟུགས་པོའི་གནས་སྟངས་གང་ལ་བསམ་ན་ཁྱེད་རང་ཞན་གྱི་ཡོད་ནའང། ནང་གི་བསམ་བློ་དང་མིའི་འཇོན་ཐང་ནི་ཁྱེད་རང་ལས་ངར་བ་མེད། དེ་ནི་ལོས་ཡིན་ཏེ། མི་ཟེར་བ་འདིའི་ཁྱད་ཆོས་གཙོ་བོ་ནང་སེམས་སམ་ཀླད་པའི་ནུས་རྩལ་ཡིན་པ་ལས། གཏམ་དཔེ་ཞིག་ལ། “མིའི་རི་མོ་ནང་། སྟག་གི་རི་མོ་ཕྱི”ཟེར་བ་དེ་རང་ཡིན། གང་ལྟར་ཧ་ཅང་ཡག་པོ་བྱུང་སོང་། དགའ་གི་ཡོད། བཀའ་དྲིན་ཆེ། མཛད་པ་རྒྱས། ཁ་དགེ་བཀྲ་ཤིས། དེ་ཉིན་ངས་བསམ་པར་ཁྱེད་རང་ལས་ཁུངས་གསར་པར་འགྲོ་སྐབས་ཡར་ཕ་ཡུལ་དུ་ཡོང་ནས་ཕར་སྐྱེལ་དགོས་བསམ་སོང་མོད། ད་ནི་འདི་གར་ཚེ་ཐར་དང་གཞན་ནད་པ་འགའ་ལ་སྨན་ཁང་ནང་རོགས་བྱེད་དགོས་སོང་བས་དུས་ལྟར་སླེབས་མ་ཐུབ་པས་དགོངས་དག་ཞུ། ཡི་གེ་འདི་ནི་ད་ནང་ཁྱེད་རང་གིས་ལམ་ལ་ཆས་རྩིས་ཡོད་བཟོའི་པར་འགའ་དྲྭ་རྒྱབ་ཏུ་བཞག་སོང་བ་དང་བསྟུན་སེམས་ནང་ཅི་དྲན་དྲན་དེ་རང་གར་ཡིག་ཐོག་ཏུ་བཀོད་པ་ཙམ་ལགས་སོ། །

                                              བཙན་རལ་གྱིས་དོང་འཁོར་ནང་ནས་མགྱོགས་བྲིས་སུ་བགྱིས། 2023/11/21

伦理学文章平台  མི་ཆོས་རིག་པའི་རྩོམ་ཡིག་འཕྲིན་སྟེགས།


སྐུ་ཉིད་ཀྱིས་ནང་དོན་བརྒྱུད་བསྐུར་དང་འཕྲིན་རྟེགས་ལ་དོ་ཁུར་བྱེད་རོགས།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་ནི་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་དང་རང་བྱུང་འཕོ་འགྱུར་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཤེས་རིག་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་ཐེབས་པའི་སྒྲོམ་གཞི་གལ་ཆེན་ཞིག་ཡིན། གཅེས་ནོར་རྩ་ཆེན་དེ་དག་ལ་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན་པ་དང་། མིའི་རིགས་ཀྱི་དཔལ་ཡོན་རྒྱུན་མཐུད་དང་འཛམ་གླིང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན་ཞེས་གསུངས་ཡོད།



འཇིག་རྟེན་ནི་ཁྱེད་ཚོའི་ཡིན་ལ་ང་ཚོའི་ཡང་ཡིན་མོད།  འོན་ཀྱང་མཐར་གཏུགས་ནས་བཤད་ན་ཁྱེད་ཚོའི་རེད།  ཁྱེད་ཚོའི་གཞོན་ནུ་རྣམས་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ལང་ཚོ་དར་བའི་སྒང་ཡིན་པས།   ཞོགས་པའི་ཆུ་ཚོད་བརྒྱད་པ་དང་དགུ་པའི་ཉི་མ་དང་འདྲ།  རེ་བ་ཡོད་ཚད་ཁྱོད་ཚོའི་སྟེང་ལ་བཅོལ་ཡོད།  1957ལོ།11.17མའོ་ཙེ་ཏུང་།  

世界是你们的,也是我们的,但是归根结底是你们的。你们青年人朝气蓬勃,正在兴旺时期,好像早晨八九点钟的太阳。希望寄托在你们身上。

1957. 11. 17 毛泽东



月光藏文网站
伦理学文章平台 བོད་ཁུལ་མི་ཆོས་རིག་པའི་རྩོམ་སྟེགས།
 最新文章