དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད།
འབྲོང་རྒོད།
སེམས་ཅན་ཟེར་བཞིན་སྤྱན་ཆབ་རྡོ་རུ་རུ། །
གསུང་སྐད་འདར་བཞིན་མི་རྟག་གླེང་ན་ཡང་། །
རྒྱུ་འབྱོར་གོ་ས་མཐོང་ན་སྟག་མཆོངས་མཆོངས། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
མ་གྱུར་མཁའ་ཁྱབ་འགྲོ་བ་སེམས་ཅན་དང་། །
འཛམ་གླིང་བདེ་བའི་སྨོན་ལམ་བཏབ་ན་ཡང་། །
དགོན་སྡེ་ཆོས་རྒྱུད་བར་ལ་ཁྲག་བཞིན་དཀྲུགས། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
རང་ལ་དགོས་པའི་ཚུལ་ཁྲིམས་སྡོམ་པ་མེད། །
མི་དགོས་མི་སེར་བཙན་པོ་ཁྲིམས་ཀྱིས་སྦྱོར། །
རང་གཞན་གཉིས་ཀ་ཕུང་བྱེད་སྟ་རེ་སྟེ། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
རང་གིས་ཐོས་བསམ་སྒོམ་གསུམ་མི་བྱེད་པར། །
མཁས་དང་གྲུབ་པའི་ངང་ཚུལ་སྟོན་ནས་ཀྱང་། །
འཇིག་རྟེན་མི་སེར་ནང་ལ་འདྲེ་ལག་བརྐྱངས། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
ཕྱུག་པོ་མཐོང་ན་ཁྱི་འཁྱམ་རྒྱུག་རྒྱུག་བྱེད། །
སྤྲང་པོ་མཐོང་ན་འགོས་ནད་བཞིན་དུ་འཛེམ། །
ཚུལ་ལུགས་གཉིས་དང་འགལ་བའི་ལྟས་ངན་ཏེ། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
ཉིན་མོ་སེང་གེ་འགྱིང་འདྲར་གསེར་ཁྲིར་བཞུགས། །
མཚན་མོ་ནག་མོའི་བླ་བར་ལྦ་ལྟར་གཞའ། །
བོང་བ་གསེར་གཟུགས་བྱས་པའི་སྡོམ་ཤོར་ཏེ། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
རང་ཕྱོགས་བླ་མའི་ནོར་བ་འགྲིག་ཏུ་སྣང་། །
གཞན་གྱི་ཡོན་ཏན་མ་ལུས་སྐྱོན་དུ་འཛིན། །
དཔྱོད་པའི་བློ་རྩ་ཆད་པའི་གླེན་པ་སྟེ། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
གྲུབ་མཐའ་གཞུང་ལུགས་རྩད་ན་ཀླད་པ་འཁུམས། །
ཕྱོགས་རེས་དགྲ་གྱོད་བྱས་ན་མེ་འབར་འབར། །
ས་ཆ་སྟོད་སྨད་དཀྲུག་པའི་ཕུང་འདྲེ་སྟེ། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
འདི་སྣང་རིགས་པས་དེད་ན་ནག་ཐོམ་ཐོམ། །
ཕྱི་མའི་ལོ་རྒྱུས་གླེང་ན་ཁྲ་ལམ་ལམ། །
འདི་ཕྱིར་འཕྲིན་པ་འཁྱེར་བའི་རྫུན་ཚོང་ཏེ། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
དགོས་པའི་འཆད་རྩོད་རྩོམ་གྱི་ཆུ་མགོ་སྐམ། །
མི་དགོས་གསེར་སྐུ་ལྷ་ཁང་གནམ་ས་བསྐངས། །
བེམ་པོས་ནང་ཆོས་སྤེལ་བའི་ཤིང་རྟ་ཕྱེས། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
དུས་རྒྱུན་རྒྱུ་འབྲས་བརྩི་སྲུང་མེད་པ་ཞིག །
སྨྱུང་གནས་ཆ་དང་མ་ཎི་འབུམ་ཙམ་གྱིས། །
སྐད་ཅིག་ཐར་པ་ཐོབ་པའི་ཁ་ཕོ་སྒྲོག
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
རང་གི་ངན་འཚང་འགེབ་སྲུང་བྱ་བའི་ཆེད། །
དྲིན་ཆེན་ཕ་མ་བསད་ན་མི་སྐྱོན་ཏེ། །
ཆོས་པ་འབར་ན་དམྱལ་བར་ལྷུང་རབས་བཤད། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
རྒྱུ་འབྱོར་འབུལ་བ་མང་ན་ཚོས་བསགས་རྒྱུ། །
བསམ་སྤྱོད་གཙང་མས་ནང་ཆོས་མི་འགྲུབ་པའི། །
ཆོས་པའི་འབྱོར་སྒྲུབ་མན་ངག་དེ་ནས་བྱུང་། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
ཕྱི་མར་རང་ཉིད་གར་འགྲོ་མི་ཤེས་པར། །
ད་དུང་སེམས་ཅན་ལམ་སྣ་དྲོངས་མདོག་བྱེད།
མི་ཆོས་བླ་མའི་རྫུན་གྱི་འཁོར་ལོ་བསྐོར། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
ཆོས་ཚོགས་ཕལ་ཆེར་སྒོར་མོའི་དོན་དུ་འཚོགས། །
དབང་སྐུར་ཕལ་ཆེར་སྲོག་སྲིད་ཆེད་དུ་བསྡུ། །
དགེ་བ་ཕལ་ཆེར་སྙན་གྲགས་བསམ་ནས་བསྒྲུབ། །
དོན་གྱི་ལྟ་ལོག་ཆོས་པའི་གྲལ་ན་ཡོད། །
ཡོད་ཚད་མགོ་མཇུག་ལོག་པའི་དུས་རབས་འདིར། །
བདེན་པའི་གཏམ་ཞིག་བཤད་ས་མེད་ན་ཡང་། །
རིགས་རུས་གཅིག་ཏུ་འདྲེས་པའི་བརྩེ་བ་ཡིས། །
མ་བཟོད་ཁོ་བོས་སྡུག་གཏམ་འདི་འདྲ་ཤོར། །
ཕྱི་ལོ༢༠༢༤/༢/༡༧ཉིན།
伦理学文章平台 མི་ཆོས་རིག་པའི་རྩོམ་ཡིག་འཕྲིན་སྟེགས།
སྐུ་ཉིད་ཀྱིས་ནང་དོན་བརྒྱུད་བསྐུར་དང་འཕྲིན་རྟེགས་ལ་དོ་ཁུར་བྱེད་རོགས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་ནི་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་དང་རང་བྱུང་འཕོ་འགྱུར་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཤེས་རིག་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་ཐེབས་པའི་སྒྲོམ་གཞི་གལ་ཆེན་ཞིག་ཡིན། གཅེས་ནོར་རྩ་ཆེན་དེ་དག་ལ་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན་པ་དང་། མིའི་རིགས་ཀྱི་དཔལ་ཡོན་རྒྱུན་མཐུད་དང་འཛམ་གླིང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན་ཞེས་གསུངས་ཡོད།
འཇིག་རྟེན་ནི་ཁྱེད་ཚོའི་ཡིན་ལ་ང་ཚོའི་ཡང་ཡིན་མོད། འོན་ཀྱང་མཐར་གཏུགས་ནས་བཤད་ན་ཁྱེད་ཚོའི་རེད། ཁྱེད་ཚོའི་གཞོན་ནུ་རྣམས་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ལང་ཚོ་དར་བའི་སྒང་ཡིན་པས། ཞོགས་པའི་ཆུ་ཚོད་བརྒྱད་པ་དང་དགུ་པའི་ཉི་མ་དང་འདྲ། རེ་བ་ཡོད་ཚད་ཁྱོད་ཚོའི་སྟེང་ལ་བཅོལ་ཡོད། 1957ལོ།11.17མའོ་ཙེ་ཏུང་།
世界是你们的,也是我们的,但是归根结底是你们的。你们青年人朝气蓬勃,正在兴旺时期,好像早晨八九点钟的太阳。希望寄托在你们身上。
1957. 11. 17 毛泽东