དམག་སྐྱོང་བའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིཊ་བཀྲམ་པ།

政务   2024-11-25 21:52   四川  

ཁྲིམས་ལྟར་དམག་སྐྱོང་བའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དང་། ཁྲིམས་ལྟར་དམག་སྐྱོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། དམག་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་《ཁྲིམས་ལྟར་དམག་སྐྱོང་བའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བཏུས་བསྒྲིགས》(གཤམ་དུ《བཏུས་བསྒྲིགས》ཞེས་བསྡུ་རྒྱུ)རྩོམ་སྒྲིག་པར་སྐྲུན་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དང་། ཉེ་ཆར་དམག་ཡོངས་ལ་དངོས་སུ་པར་འགྲེམས་བྱས་པ་རེད།

《བཏུས་བསྒྲིགས》ཀྱི་ནང་དོན་དེ་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11ནས་2024ལོའི་ཟླ་6པའི་བར་གྱི་གསུང་བཤད་དང་སྙན་ཞུ་སོགས་ཀྱི་ཡིག་ཆ་གལ་ཆེན་ནས་བཏུས་བསྒྲིགས་བྱས་པ་དང་། ཆེད་དོན་10ལ་དབྱེ་ནས་ཁྲིམས་ལྟར་དམག་སྐྱོང་བའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་།དགོངས་པ་གསར་པ།ཆོད་གཏམ་གསར་པ་བཅས་གཅིག་སྡུད་ཐོག་མཚོན་པར་བྱས་ཡོད། 

 ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱིས་བརྡ་ཐོ་བཏང་སྟེ།《བཏུས་བསྒྲིགས》སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་ནས། རིམ་པ་ཁག་གིས་གསལ་པོ་ཤེས་པ་དང་མཐར་ཕྱིན་པ་ཤེས་པ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་པའི་བླང་བྱ་གཞིར་བཟུང་། ཁྲིམས་ལྟར་དམག་སྐྱོང་བའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་ལག་བསྟར་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་མ་ལག་སློབ་སྦྱོང་ལག་བསྟར་བྱེད་པའི་ཁྲོད་བཞག་ནས་གོ་བ་གཏིང་ཟབ་ལེན་པ། ཁྲིམས་ལྟར་དམག་སྐྱོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། གཞི་རྩའི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ་དང། ལྟེ་བའི་དོན་སྙིང་རྟོགས་པར་བྱེད་པ། ལག་ལེན་གྱི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ཐོག དེ་དག་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བེད་སྤྱོད་ཏན་ཏིག་གཏོང་དགོས་པ་དང་།  《བཏུས་བསྒྲིགས》སློབ་སྦྱོང་བྱ་རྒྱུ་དེ་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་བཞག་ནས། དེ་ལས་བྱེད་པའི་རིགས་པའི་གཞུང་ལུགས་གསོ་སྦྱོང་དང་རེས་སྐོར་གསོ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩིས་ཏེ། ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཆེད་དོན་སློབ་སྦྱོང་སྤེལ་བ། “ཏང་ལ་བློ་དཀར་སེམས་དཀར་དང་། བློ་སེམས་གཅིག་སྒྲིལ་གྱིས་འགན་འཁྲི་འཁུར་བའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་སོགས་དང་ཟུང་འབྲེལ་བྱས་ཐོག དཔོན་དམག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། དམག་ཨུད་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས་པ།  “འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྷག་པར་དུ་མཐོ་རིམ་ཏང་ཨུད་དང་། མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱེད་པ་དང་། དཔུང་སྡེར་སློབ་གསོ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དཔོན་དམག་གིས་ཐུན་མོང་ཐོག་ཁྲིམས་སྐྱོང་འཛུགས་སྐྱོང་དང་། ཁྲིམས་སྐྱོང་ལག་བསྟར་ནན་ཏན། ཁྲིམས་སྐྱོང་ལ་སྲུང་སྐྱོང་བཅས་བྱ་རྒྱུའི་སྐུལ་སློང་བྱས་ཏེ། ཏང་ཨུད་ཀྱིས་ཁྲིམས་ལྟར་ཐབས་ཇུས་འགོད་པ་དང་། ལས་ཁུངས་ཀྱིས་ཁྲིམས་ལྟར་མཛུབ་ཁྲིད་བྱེད་པ། དཔུང་སྡེས་ཁྲིམས་ལྟར་བྱ་སྤྱོད་སྤེལ་བ། དཔོན་དམག་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་ལས་དོན་སྒྲུབ་པའི་ནུས་པར་འགྱུར་བ་བྱེད་པ་དང་། དམག་དཔུང་སྐྱོང་བའི་བྱ་ཐབས་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བའི་ཐད་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་མ་ལག་སྐྲུན་མགྱོགས་སུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

编辑:登真益西

校对: 登真益西

二审:梅朵

三审:白玛曲吉 

监制:彭刚

云端石渠
传播石渠县时政新闻、民生关注等
 最新文章