ཨ་ཁྲི། གློག་བརྙན་མཛེས་རྩལ་པ།
སྔ་ཕྱིར་གློག་བརྙན༼དགུན་ལམ་རིང་མོ༽
༼རྟེན་འབྲེལ༽
༼གཅིག་དང་བཞི།༽
༼ལས་དང་ལམ༽
༼གསའ༽དང་༼རྒྱང་རིང༽
སོགས་ཀྱི་མཛེས་རྩལ་གྱི་བྱ་བ་སྒྲུབ་མྱོང་།
གློག་བརྙན་མཛེས་རྩལ་གྱི་ཕྱོགས་ནས་ཟུར་ཙམ་གླེང་ན།
ཨ་ཁྲི།
ངོ་མཚར་ཁྱད་དུ་འཕགས་པ་བསྐྲུན་པའི་གློག་བརྙན་མཛེས་རིས་སྒྱུ་རྩལ་ནི་གློག་བརྙན་གང་ཞིག་བཟོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེས་ཐུན་མོང་མ་ཡིན་པའི་མཐོང་ཚོར་གྱི་ཕན་འབྲས་དང་སྒྱུ་རྩལ་གྱི་རྣམ་པ་གསར་གཏོད་བྱས་ཏེ། ལྟད་མོ་བར་བརྗེད་པར་དཀའ་བའི་གློག་བརྙན་གྱི་འཇིག་རྟེན་རེ་རེ་བཞིན་ཡོད། གློག་བརྙན་མཛེས་རྩལ་གྱི་ལས་འགན་ནི་གཏམ་རྒྱུད་ཀྱི་བྱུང་རིམ་དང་ཁོར་ཡུག་མཁོ་འདོན་བྱས་པ་ཞིག་ཡིན་པ་མ་ཟད། འཁྲབ་ལྗོངས་དང་། འཁྲབ་ཆས། འཁྲབ་བཅའ། མཛེས་སྤྲས། གློག་འོད་སོགས་ལས་རིགས་སྣ་མང་ཞིག་གི་རྣམ་པའི་ཁྲོད་གློག་བརྙན་ལ་གསོན་ཉམས་དོད་པའི་སྒྱུ་རྩལ་གྱི་གྲུབ་ཆ་ཚང་དགོས།
ཐོག་མར། རྒྱབ་ལྗོངས་ཇུས་འགོད་ལ་བརྟེན་ནས་གློག་བརྙན་ལ་མཁོ་བའི་རྣམ་པ་དང་ཁོར་ཡུག་བསྐྲུན་དགོས་ལ། ལོ་རྒྱུས་རང་བཞིན་གྱི་ཟློས་གར་དང་། ཚན་རྟོག་གློག་བརྙན། རིག་ཚན་གློག་བརྙན། ཡང་ན་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་གང་ཡིན་རུང་ཚང་མར་རྒྱབ་ལྗོངས་ཇི་མ་ཇི་བཞིན་ཞིག་བསྐྲུན་དགོས། འཁྲབ་ལྗོངས་ཇུས་འགོད་པས་འཁྲབ་གཞུང་ལ་གོ་བ་གཏིང་ཟབ་ལེན་པ་དང་དུས་རབས་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱས་པ་བརྒྱུད་གཏམ་རྒྱུད་ལས་བྱུང་བའི་གནས་ཚུལ་རྣམས་ལྟད་མོ་བའི་མིག་ལམ་དུ་མངོན་དགོས་པ་མ་ཟད་ཚོན་མདངས་དང་། སྤུས་ཚད། རི་མོ་འགོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ལྟད་མོ་བ་རྣམས་གློག་བརྙན་གྱི་འཇིག་རྟེན་དུ་ཁྲིད་དེ་ཁོང་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱ་དགོས།
གཉིས་པ། འཁྲབ་བཅའ་བཀོལ་སྤྱོད་བྱེད་པ་དེ་ཡང་གློག་བརྙན་མཛེས་རྩལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། འཁྲབ་བཅའ་ནི་རྣམ་པ་ཁ་གསབ་བྱེད་པའི་དོན་དངོས་ཀྱི་ཚོར་སྣང་ཙམ་མ་ཡིན་པར། འཁྲབ་བྱའི་མི་སྣའི་རང་གཤིས་དང་གཏམ་རྒྱུད་ཀྱི་འཕེལ་རིམ་ལ་རག་ལས། འཁྲབ་བཅའ་ཇུས་འགོད་པས་མི་སྣའི་ཁྱད་ཆོས་ལ་གཞིགས་ནས་འོས་འཚམ་གྱི་འཁྲབ་བཅའ་བདམས་ཏེ་འཁྲབ་བྱའི་མི་སྣའི་ཡིད་འགྱུར་དང་གཏམ་རྒྱུད་མཚོན་པར་བྱེད་དགོས། སྟབས་བདེ་བའི་འཁྲབ་བཅའ་ཞིག་སྟེ། དཔེར་ན་གྲི་ཞིག་དང་དཔེ་དེབ་ཅིག་ཀྱང་གློག་བརྙན་ནང་གི་གཞི་རྒྱུ་གལ་ཆེན་ཞིག་ཏུ་འགྱུར་སྲིད། དེ་དག་བཀོལ་སྤྱོད་བྱས་པ་བརྒྱུད་ལྟད་མོ་བས་གཏམ་རྒྱུད་ཀྱི་ནང་དོན་ལ་གོ་བ་ཡག་པོ་ལེན་ཐུབ།
གཞན་ཡང་འཁྲབ་ཆས་ཇུས་བཀོད་ཀྱང་གློག་བརྙན་མཛེས་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འཁྲབ་ཆས་ཇུས་འགོད་པས་འཁྲབ་སྟོན་མི་སྣར་དབྱེ་ཞིབ་གཏིང་ཟབ་དང་དུས་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱས་པ་བརྒྱུད་དམིགས་བསལ་གྱི་འཁྲབ་ཆས་ཉམས་འགྱུར་ཇུས་འགོད་བྱེད་དགོས། འཁྲབ་ཆས་ནི་འཁྲབ་སྟོན་མི་སྣ་ལྷག་པར་བདེན་པ་ཡོང་ཆེད་ཡིན་པ་མ་ཟད། འཁྲབ་སྟོན་མི་སྣའི་རང་གཤིས་དང་ཡིད་འགྱུར་མངོན་ཆེད་ཀྱང་ཡིན། འཁྲབ་ཆས་ཇུས་འགོད་ལེགས་པར་བྱས་པ་བརྒྱུད། ལྟད་མོ་བས་འཁྲབ་སྟོན་པའི་ནང་སེམས་ཀྱི་འཇིག་རྟེན་དང་གཏམ་རྒྱུད་ཀྱི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ།
མཇུག་མཐར། གློག་འོད་བཀོལ་སྤྱོད་གློག་བརྙན་མཛེས་རྩལ་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན། གློག་འོད་ཇུས་བཀོད་པ་ཡིས་ཡུལ་ངོས་ཀྱི་གློག་སྒྲོན་དང་འོད་གཟུགས་ཀྱི་བཀོལ་སྤྱོད་ལ་བརྟེན་ནས། ཁོར་ཡུག་དང་ཡིད་འགྱུར་མི་འདྲ་བ་བསྐྲུན་ཐུབ། གློག་འོད་གསལ་ཞིང་ཚོན་མདངས་ཀྱི་བཀོལ་སྤྱོད་ཀྱིས་གློག་བརྙན་ལ་ལྐོག་གྱུར་གྱི་ཚོར་བ་དང་། འཚུབ་སྣང་། དྲོད་སྣང་སོགས་ཀྱི་ཚོར་བ་ཅི་རིགས་སྟེར་ཐུབ། གློག་འོད་ཇུས་འགོད་བྱས་པ་བརྒྱུད་ལྟད་མོ་བས་གློག་བརྙན་ལས་ཡིད་འགྱུར་དང་ཡིད་ཁམས་ལ་མྱོང་རོལ་བྱེད་ཐུབ།
མདོར་ན། གློག་བརྙན་ཞིག་བཟོ་བའི་གོ་རིམ་ཁྲོད་དུ་ལས་རིགས་མང་པོ་ཞིག་དགོས། དཔེར་ན། འཁྲབ་ཁྲིད་ཚན་ཆུང་། བཟོ་སྐྲུན་ཚན་ཆུང་། མཛེས་རྩལ་ཚན་ཆུང་། བརྙན་ལེན་ཚན་ཆུང་། སྒྲ་ལེན་ཚན་ཆུང་། འཁྲབ་སྟོན་ཚན་ཆུང་། གློག་འོད་ཚན་ཆུང་། སྤོ་སྒུལ་ཚན་ཆུང་། ཡུལ་དངོས་ལག་རོགས་ཚན་ཆུང་། ཁ་ལོ་བའི་ཚན་ཆུང་སོགས་སོ།། ནང་སྒོས་སུ་མཛེས་རྩལ་ཚན་ཆུང་ནི་ཚན་ཆུང་གཞན་དག་ལས་སྔོན་ལ་ལས་ཀར་འཇུག་དགོས་ཤིང་ཆེས་མཇུག་མཐར་གྲོལ་དགོས་པ་ཡིན། དེ་ཡང་གློག་བརྙན་དངོས་སུ་མ་འཁྲབ་པའི་ཡར་སྔོན་གྱི་ཟླ་བ་གཅིག་ནས་འཁྲབ་ཡུལ་དང་འཁྲབ་བཅའ། འཁྲབ་ཆས་སོགས་ལ་སྟ་གོན་བྱེད་དགོས། གློག་བརྙན་འཁྲབ་ཚར་རྗེས་ཀྱི་ཟླ་ཕྱེད་ཙམ་ལ་འཁྲབ་ཡུལ་དང་པོ་ལྟར་སླར་གསོ་བྱས་ཏེ། འཁྲབ་བཅའ་དང་འཁྲབ་ཆས་ཕྱིར་སྤྲོད་སོགས་རྩིས་སྤྲོད་ལས་ཀ་བསྒྲུབ་དགོས། དེ་བས་གློག་བརྙན་མཛེས་རྩལ་ནི་གློག་བརྙན་བཟོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ནོ།།
མཆན།
1ཡིད་འགྱུར། མི་རྣམས་ཀྱི་ནང་སེམས་ཀྱིས་ཕྱི་རོལ་གྱི་ཆས་རྣམས་ལ་ཡིན་འཇོག་དང་མིག་དགག་གྱི་རྣམ་འགྱུར་འཛིན་པའི་སེམས་ཀྱི་མངོན་སྟངས་ཏེ། དཔེར་ན་སྡང་བ་དང་སྤྲོ་བ། བྲོ་བ་སོགས་ཡིན། རྒྱ་བོད་ཤན་སྦྱར་ཚིག་མཛོད་སོགས་སུ་བརྩེ་སེམས་དང་བརྩེ་དུང་། ཡིད་འགྱུར་སོགས་སྣ་ཚོགས་སུ་བསྒྱུར་ཡོད་ཀྱང་། རྗེས་མ་འདི་དེང་རབས་རྒྱ་ཡིག་ཚིག་མཛོད་(རྒྱ་བོད་ཤན་སྦྱར།2022ལོའི་པར་མ།)ཀྱི་བསྒྱུར་ལུགས་རེད། འདི་ཉིད་དག་པར་མཐོང་ནས་སྤྱད་དོ།།
2འཁྲབ་ཁྲིད་ཚན་ཆུང་།(导演组) བཟོ་སྐྲུན་ཚན་ཆུང་།(制片组) མཛེས་རྩལ་ཚན་ཆུང་། (美术组) བརྙན་ལེན་ཚན་ཆུང་།(摄影组) སྒྲ་ལེན་ཚན་ཆུང་། (录音组) འཁྲབ་སྟོན་ཚན་ཆུང་།(演员组) གློག་འོད་ཚན་ཆུང་།(灯光组) སྤོ་སྒུལ་ཚན་ཆུང་། (移动组) ཡུལ་དངོས་ལག་རོགས་ཚན་ཆུང་།(场务组) ཁ་ལོ་བའི་ཚན་ཆུང་།(交通组)
3འཁྲབ་ལྗོངས་དང་། (场地) འཁྲབ་ཆས། (服装)འཁྲབ་བཅའ། (道具) མཛེས་སྤྲས།(化妆)