འཇར་མན་གྱིས་ཡུག་རེན་ལ་མཚོན་ཆའི་རོཊ་སྐྱོར་བྱེད་མཚམས་འཇོག་རྒྱུ།

文摘   2023-04-03 20:31  

འཇར་མན་གྱིས་ཡུག་རེན་ལ་མཛོད་ཉར་མཚོན་ཆའི་རོཊ་སྐྱོར་བྱེད་མཚམས་འཇོག་རྒྱུ།

     འཇར་མན་གྱི་རྒྱལ་སྲུང་པུའི་པུའུ་ཀྲང་ཕི་སི་ཐུའོ་ལིའུ་སིས་སྤྱི་ཟླ་4ཚེས་1ཉིན། ཡུག་རེན་ལ་མཚོན་ཆ་འབོར་ཆེན་མཁོ་འདོན་བྱས་རྗེས། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་སྲུང་དམག་གི་གོ་མཚོན་མི་འདང་བའི་གནད་དོན་ཇེ་ཆེར་སོང་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཁས་ལེན་བྱས་ཟིན་པའི་དམག་དོན་རྒྱབ་སྐྱོར་རྣམ་གྲངས་ལས་གཞན། འཇར་མན་གྱིས་མཛོད་ཉར་མཚོན་ཆའི་ཁྲོད་ནས་མཚོན་ཆ་བཏོན་ཏེ་ཡུག་རེན་ལ་རྒྱབ་སྐྱོར་བྱེད་མི་སྲིད་ཅེས་བཤད་ཡོད་པ་རེད། 

     འཇར་མན་གྱི《རེས་གཟའ་ཉི་མའི་འཛམ་གླིང་ཚགས་པར》ཐོག་སྤྱི་ཟླ་4ཚེས་1ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཕི་སི་ཐུའོ་ལིའུ་སིར་བཅར་འདྲི་བྱེད་སྐབས། འཇར་མན་གྱི་གོ་མཚོན་མཛོད་ཉར་ལ་ཚད་ཡོད་པས་ཁོང་ནི་རྒྱལ་སྲུང་པུའུ་ཀྲང་ཡིན་པའི་ངོས་ནས་ཅ་ལག་ཚང་མ་ཕྱིར་གཏོང་བྱེད་མི་རུང་ཞེས་དང་། ཕི་སི་ཐུའོ་ལིའུ་སིས། ད་ལྟའི་སྒྲིག་ཆས་ཀྱི་མི་འདང་བའི་ཆར་ཁ་གསབ་བྱེད་པར་ལོ་ཁ་ཤས་ཀྱི་དུས་ཚོད་དགོས་ཏེ། སྤྱི་ལོ་2030ལོའི་བར་དུའང་ཁ་གསབ་བྱེད་ཐུབ་རྒྱུ་དཀའ་མོ་རེད་ཅེས་བཤད་ཡོད་པ་རེད། 

     ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇམ་འཐབ་མཇུག་བསྒྲིལ་ཚུན་འཇར་མན་གྱིས་འགོག་སྲུང་ལ་མ་དངུལ་བཏང་ཉུང་བའི་ཁར། ཡུག་རེན་ལ་མཚོན་ཆ་དང་རྫས་མདེལ་མཁོ་འདོན་བྱས་པ་ལས་བྱུང་བའི་ཁྱད་ལྷག་མང་ཆེ་བ་ད་དུང་ཁ་སྐོང་བྱེད་ཐུབ་མེད་པས། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་དམག་གི་གོ་མཚོན་གྱི་གནས་ཚུལ་ལོ་གཅིག་གོང་ལས་སྡུག་པ་ཡོད།

     ཨ་རི་སོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་གནོན་ཤུགས་དབང་གིས། འཇར་མན་སྲིད་གཞུང་ཀྱིས་ད་ལོའི་སྤྱི་ཟླ་དང་པོར་ཡུག་རེན་“གཟིག་ 2”གཙོ་འཐབ་ཐན་ཁེ་མཁོ་འདོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། མནའ་གྲོགས་ཀྱིས་ཡུག་རེན་ལ་འཇར་མན་གྱིས་བཟོས་པའི“གཟིག་གཉིས”ཐན་ཁེ་མཁོ་འདོན་བྱ་ཆོག་རྒྱུ་མོས་མཐུན་བྱས་པ་རེད། 

འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཁོངས་མིས་ཡོངས་བསྒྲགས་འཕྲིན་ཡིག་སྤེལ་ནས་ཨུ་ཡུག་གྲོས་མོལ་བྱེད་པར་སྐུལ་བ།

     ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཟླ་3ཚེས་31ཉིན། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཁོངས་མི་200ལྷག་ཙམ་གྱིས་མིང་རྟགས་བཀོད་ཡོད་པའི་ཡོངས་བསྒྲགས་འཕྲིན་ཡིག་ཅིག་ཡོངས་བསྒྲགས་བྱས་ཤིང་། འཕྲིན་གྱི་ནང་དུ་འཇར་མན་གྱི་ཙུང་ལི་ཧྲུའར་ཚེ་ཡིས་གྲོས་མོལ་ལ་སྐུལ་འདེད་བཏང་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་རེ་འབོད་བྱས་ཡོད་པ་དང་། འཇར་མན་བ་མང་ཆེ་བས་གདོང་ཐུག་དེ་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བར་རྒྱབ་སྐྱོར་མི་བྱེད་པ་དང་ཞི་བདེའི་འདོད་ཚུལ་འཛིན་གྱི་ཡོད་པ་བརྗོད་ཡོད། ད་ལོའི་སྤྱི་ཟླ་གཉིས་པར། འཇར་མན་བ་སྟོང་ཕྲག་ཁ་ཤས་པེར་ལིན་གྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་པོ་ལན་ཏེང་པའོ་མོན་ཉེ་འགྲམ་དུ་འདུ་འཛོམས་བྱས་ཏེ། འཇར་མན་གྱིས་ཡུག་རེན་དང་ཨུ་རུ་སུའི་བར་གྲོས་མོལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་ལས་མུ་མཐུད་ཡུག་རེན་ལ་གོ་མཚོན་མཁོ་འདོན་བྱེད་མི་རུང་བའི་རེ་བ་བཏོན་ཡོད། 


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། བྱམས་མཚོ། 

雪域青年网
གངས་ལྗོངས་ན་གཞོན་དྲྭ་བ། སྙིང་སྟོབས་ལ་སྦྱོང་བརྡར་དང་། དཀྱེལ་ཡངས་ཀྱི་ཁྲོད་ནས་དངོས་ཡོད་ལ་གདོང་གཏད་བྱེད་དགོས། ནང་ལ་ཕེབས།
 最新文章