ཞོགས་པ་བདེ་ལེགས། གངས་ཅན་ཁ་བའི་ལྗོངས།
དེ་རིང་ནི་སྤྱི་ལོ2024ལོའི་ཟླ11པའི་ཚེས27དང་། གཟའ་ལྷག་པ་ཡིན།
གངས་ལྗོངས་མེ་ལོང་དྲ་བའི་དྲ་ལམ་ཞོགས་འཕྲིན་ལ་
གསན་གཟིགས་གནང་བར་དགའ་བསུ་ཞུ།
1
ཟླ11ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་སིང་ཀ་ཕོར་གྱི་རྒྱལ་སྲིད་བློ་འདོན་ལི་ཞན་ལུང་དང་མཇལ་འཕྲད་གནང་།
2
ཟླ11ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ས་མོ་ཡའི་ཙུང་ལི་ཧྥེ་ཡ་མེ་དང་མཇལ་འཕྲད་གནང་།
3
ནོར་སྲིད་པུའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་བ་དང་པོ་ནས་བཅུ་པའི་བར་གཞུང་གཏོགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི67ལས་བརྒལ་བ་དང་། དེ་དུས་མཚུངས་ལས0.9%འཕར་ཡོད་པ་རེད།
4
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སུ་གསར་དུ་གཉེར་བའི་ཁྲལ་འབྲེལ་གཉེར་སྐྱོང་དུད་ཚང་ཁྲི1257.8ཟིན་པ་དེ་དུས་མཚུངས་ལས4%འཕར་བ་ཡོད་པ་རེད།
5
རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་དང་པོ་ནས་བཅུ་པའི་བར། ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་རྩིས་ཁྲས་མི་ཐེངས་དུང་ཕྱུར2.83ལ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར369ཟིན་ཡོད་པ་རེད།
6
སྤྱི་བདེ་པུའུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག《གློག་འཕྲིན་དྲ་རྒྱའི་མགོ་སྐོར་དང་དེ་འབྲེལ་ཁྲིམས་འགལ་ཉེས་གསོག་ལ་མཉམ་དུ་ཆད་པ་གཅོད་པའི་བྱེད་ཐབས》པར་འགྲེམ་བྱས་པ་དང་། ཟླ12ཚེས1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
7
ཟླ11ཚེས25ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟི་ལིང་དུ་བསྡུས།
8
ཟླ12ཚེས1ཉིན་ནས་བཟུང་། མི་སྒེར་ནས་སྡོད་ཁང་ཐོག་མ་ཉོ་མཁན་དག་གིས་ཁང་པའི་རྒྱ་ཁྱོན་སྨིད་གྲུ་བཞི་མ140དང་དེའི་མན་ཡིན་ན་ཉོ་བསྡུའི་ཁྲལ་ལག་བརྒྱ་ཆའི་གཅིག་གཅོག་རྒྱུ་རེད།
9
ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད10དང་སྐར་མ45སྟེང་།མཚོ་སྔོན་མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་ཁོངས་གཏོགས་ས་ཁུལ་གྱི་འགྲིམ་འགྲུལ་བཀག་སྡོམ་ཡོངས་སུ་གློད།
10
ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2024ལོ་ནས2025ལོའི་དགུན་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་ལུས་རྩལ་དམངས་ཕན་བྱ་འགུལ་སྤེལ་བའི་མཛད་སྒོ་དང་། རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན། མཆོག་གཙང་མཚོ་ལྷོའི་རིག་གནས་ཐོན་ཁུངས་ཆེད་དོན་དྲིལ་སྒྲོག་ངོ་སྤྲོད་གྲོས་ཚོགས་གུང་ཧོ་ནས་བསྡུས།
11
ཚེས27ཉིན་གྱི་ཆུ་ཚོད08ནས་ཚེས28ཉིན་གྱི་ཆུ་ཚོད20ཡི་བར། ནང་ཆེན་གྱི་ཞང་དང་གྲོང་རྡལ་ཁ་ཤས་སུ་ཧའོ་སྨིད2.5ནས4.1བར་གྱི་ཁངས་འབྲིང་ཙམ་དང་། ཡུས་ཧྲུའུ་ཡི་ས་ཆ་མང་ཆེ་བར་ཧའོ་སྨིད0.1ནས1.8གྱི་ཁངས་ཆུང་ཆུང་ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་བའི་གནམ་གཤིས་ཡོད་པ་རེད།
རྩོམ་སྒྲིག་པ། དཔའ་གོ
སྙན་སྒྲོན་པ། ཡུ་མོ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། དཔའ་གོ