ཐུབ་པ་དྲུག་ངོ་སྤྲོད།

乐活   2024-08-26 21:50   青海  


ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱི་<<མཁའ་འགྲོ་སྙིང་ཏིག་>>མན་ངག་ལྟར་བཤད་པ། པཎ་ཆེན་བི་མ་ལའི་<<སྐུ་གསུམ་བསྡུས་པའི་སྒྲོན་མའི་>>དགོངས་པ་ལྟར་བཤད་པ་སྟེ། 

ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལས། སྤྲུལ་སྐུ་ཐུབ་པ་དྲུག་གམ་རིགས་དྲུག་འདུལ་བྱེད་ཀྱི་ཐུབ་པ་དྲུག་པོ་སྟེ། མཁའ་འགྲོ་སྙིང་ཏིག་གི་མན་ངག་<<ཟབ་དོན་རྒྱ་མཚོའི་སྤྲིན་>>ལས། 

སྤྱི་བོ་བདེ་བ་ཆེན་པོའི་རྩ་ནང་ན་ལྷའི་ཐུབ་པ་བརྒྱ་བྱིན་དཀར་པོ། 

ལྟག་པའི་རྩ་བ་མེན་གྱི་རྭ་འདྲ་བ་ན་ལྷ་མ་ཡིན་གྱི་ཐུབ་པ་ཐགས་བཟང་རིས་མཐིང་ག

སྲོག་པ་རྩ་ཤེལ་གྱི་སྦུ་གུ་ན་མིའི་ཐུབ་པ་ཤཱཀྱ་སེང་གེ་སེར་པོ། 

གསང་བའི་རྩ་བེ་བ་བསྐྱེད་པ་ན་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བསྟན་མཐིང་ནག

ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་དེ་ཝ་དམར་པོ། 

རྐང་པའི་རྩ་ཞགས་སྒོར་འཁྱིལ་བ་ན་དམྱལ་བའི་ཐུབ་པ་ཨ་བ་གླང་མགོ་ནག་པོའོ། །ཞེས། 

ཐུབ་པ་དྲུག་པོ་རྡོ་རྗེ་ལུས་ཀྱི་རྩ་གནས་གང་དུ་བཞུགས་པ་དང་སྐུ་མདོག་བཅས་བསྟན། 

བི་མ་ལའི་<<སྐུ་གསུམ་བསྡུས་པའི་སྒྲོན་མ་>>རུ་སྐུ་གསུམ་ལ་དགུ་ཕྲུགས་སུ་ཕྱེ་བའི་སྤྲུལ་སྐུའི་སྤྲུལ་སྐུའི་ཁོངས་སུ་གསུངས། སྐུ་མདོག་ཕྱག་མཚན་དང་ཞལ་ཕྱག་གི་རྣམ་པ་ནི། 

ལྷའི་ཐུབ་པ་བརྒྱ་བྱིན་དཀར་པོ་པི་ཝང་བསྣམས་པ་དང་། 

ལྷ་མིན་ཐུབ་པ་ཐགས་བཟང་རིས་མཐིང་ག་གོ་ཆ་འཛིན་པ་དང་། 

མིའི་ཐུབ་པ་ཤཱཀྱ་ཐུབ་པ་སེར་པོ་ལྷུང་བཟེད་དང་མཁར་བསིལ་བསྣམས་པ་དང་། 

བྱོལ་སོང་ཐུབ་པ་སེང་གེ་རབ་བརྟན་མཐིང་ག་པུསྟི་འཛིན་པ་དང་། 

ཡི་དྭགས་ཐུབ་པ་ཁ་འབར་དེ་བ་དམར་པོ་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ་དང་། 

དམྱལ་བའི་ཐུབ་པ་ཨ་བ་གླང་མགོ་(ནག་པོ་)མེ་ཆུ་བསྣམས་པའོ། 

བརྒྱ་བྱིན་ནི་ལྷ་རྣམས་ལ་ཆོས་ཀྱི་སྡོམ་བཞི་སྟོན་པའི་པི་ཝང་། 

ཐགས་བཟང་རིས་ལྷ་མ་ཡིན་རྣམས་འཐབ་རྩོད་ཀྱིས་འདུལ་བས་གོ་མཚོན། 

ཤཱཀྱ་ཐུབ་པ་མི་རྣམས་ལ་དགེ་བཅུ་སྟོན་པས་འཁར་གསིལ་ལྷུང་བཟེད། 

སེང་གེ་རབ་བརྟན་བྱོལ་སོང་ལ་གླེན་ལྐུགས་ཀྱི་མདུད་པ་འགྲོལ་བས་པོ་ཏི། 

ཁ་འབར་དེ་བ་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བས་རིན་པོ་ཆེའི་སྒྲོམ་བུ། 

ཨ་ཝ་གླང་མགོ་དམྱལ་བའི་ཉེས་དམིགས་སྟོན་པས་མེ་ཆུ་བསྣམས་པའོ། །

阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章