རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་2025ལོའི་ལོ་གསར་གྱི་ཤིས་ཚིག
ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད། 2025ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་རེད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ།
ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་བཅག་པ་དང་། སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”རབ་དང་རིམ་པ་བཏོན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་བྱུང་ནས་ལེགས་ཕྱོགས་སུ་སྐྱོད་བཞིན་ཡོད་ཅིང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་130ལྷག་ཙམ་ཟིན་པ་དང་། འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.4ལྷག་ཙམ་ཟིན་ནས་ཀྲུང་གོའི་ལྟོ་ཕོར་ནང་ཀྲུང་གོའི་འབྲུ་རིགས་དེ་བས་མང་བ་བླུགས་ཡོད། ས་ཁོངས་འཕེལ་རྒྱས་ཐད་མཐུན་སྦྱོར་མཉམ་འགུལ་དང་རྨང་བསགས་སྟོབས་འཕེལ་ཡག་པོ་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དང་གྲོང་གསེབ་དར་རྒྱས་ཕན་ཚུན་མཉམ་འདྲེས་དང་གོམ་སྟབས་གཅིག་གྱུར་བྱུང་ཡོད། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་མི་རྣམས་ཀྱི་མིག་ལམ་དུ་རིམ་བཞིན་བསྟར་བཞིན་ཡོད།
ང་ཚོས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱས་པས། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། མ་དཔེ་གསར་པ་བཅས་ཕན་ཚུན་གཅིག་ལ་གཅིག་འགྲན་གྱིས་ཐོན་ཞིང་། ནུས་རྒྱུ་གསར་པའི་རླངས་འཁོར་ལོར་ཐོན་ཚད་ཁྲི་1000ལས་ཐོག་མར་བརྒལ་བ་དང་། འདུས་གྲུབ་གློག་ལམ་དང་། མི་ཐབས་རིག་ནུས། ཚད་རྡུལ་འཕྲིན་གཏོང་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་གསར་པ་ཐོབ་ཡོད། ཟླ་བའི་ལྷ་མོ་ཨང་དྲུག་པས་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་ཐོག་མར་བླངས་པ་དང་། ཕུགས་འདུན་རྟགས་ཅན་གྱིས་མཐའ་ཡས་རྒྱ་མཚོར་མྱུལ་དཔྱད་བྱས་པ། ལྷོ་སྣེའི་ཆིན་ལིན་ས་ཚིགས་དེ་འཁྱགས་རོམ་གྱི་ཞིང་ཁམས་སུ་འགྱིང་ངེར་གནས་པ་སོགས་ལས། ཀྲུང་གོ་བས་རྒྱུ་སྐར་ལམ་དང་ཆུ་གཏེར་ཆེན་པོའི་གཏིང་མཐའ་དཔོག་པའི་བློ་སྟོབས་དང་ཕུགས་འདུན་མངོན་ཡོད།
ད་ལོ་ང་རང་ས་གནས་སུ་རྟོག་ཞིབ་ལ་སྐྱོད་སྐབས། ཚང་མའི་འཚོ་བ་གྲ་རྒྱས་ཕུན་སུམ་ཚོགས་པོ་ཡོད་པ་མཐོང་བྱུང་། ཐན་ཧྲུའེ་ཡི་ཧྭ་ཉིའུ་ཀུ་ཤུ་ཆེ་ལ་དམར་བ་དང་། ཏུང་ཧྲན་ཨའོ་ཅའོ་གྲོང་ཚོའི་ཉ་ལས་དར་ཞིང་རྒྱས་པ། མའེ་ཅིའི་ཧྲན་རི་བོའི་བྲག་ཕུག་གི“ཤར་ཕྱོགས་ཀྱི་འཛུམ་མདངས”ལ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ། ལིའུ་ཁྲེ་སྲང་ལམ་གྱི་ཡ་རབས་གུས་ལུགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ། ཐེན་ཅིན་གྱི་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་འདུ་འཛིས་ཁེངས་པ། དབྱིན་ཁྲོན་གྱི་མི་རིགས་མང་བའི་སྡེ་ཁུལ་གྱི་གྲོང་མི་རྣམས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཆེ་བའི་རྣམ་པ་སོགས་མཐོང་བྱུང་། ཚང་མས་དོ་ཁུར་བྱེད་པའི་ལས་ཞུགས་འབབ་འཕར་དང་། “རྒན་གཅིག་གཞོན་གཅིག” སློབ་གསོ་སྨན་བཅོས་སོགས་ཀྱི་གནད་དོན་ལ་ངས་ཐོག་མཐའ་བར་གསུམ་དུ་སེམས་ཁུར་བྱེད་ཀྱི་ཡོད། ལོ་གཅིག་ནང་། རྨང་གཞིའི་རྒན་གསོའི་དངུལ་གྲངས་མཐོ་རུ་ཕྱིན་པ་དང་། སྡོད་ཁང་གི་དངུལ་བུན་སྐྱེད་ཚད་དམའ་རུ་ཕྱིན་པ། ཐད་ཀར་མཇུག་རྩིས་རྒྱག་པའི་ཁྱབ་ཁོངས་ཆེ་རུ་བཏང་བ་དེས་ཡུལ་གཞན་དུ་སྨན་བཅོས་བྱེད་བདེ་རུ་ཕྱིན་པ། འཛད་རྫས་རྙིང་པ་གསར་པར་བརྗེས་པས་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་སོགས་ལས་ཚང་མའི་ཐོབ་སྣང་སླར་ཡང་ཆེ་རུ་ཕྱིན་ཡོད།
ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་རང་རྒྱལ་གྱི་ལུས་རྩལ་པ་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་ཨང་དང་པོ་བརྩོན་ལེན་བྱས་ཏེ། ཕྱི་ཁོངས་སུ་འགྲན་བསྡུར་ལ་ཞུགས་སྐབས་གྲུབ་འབྲས་ཡག་ཤོས་ཐོབ་པ་དེ་ཐོག་ནས། གཞོན་ནུའི་མི་རབས་ཀྱི་ཞུམ་མེད་ཡར་ཐོན་དང་བློ་སྟོབས་ཆེ་བའི་ཉམས་བཟང་གང་ལེགས་མངོན་ཡོད། མཚོ་དམག་དང་མཁའ་དམག་གིས་ལོ་75ཡི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་ནས་མི་དམངས་བུ་ཕྲུག་དམག་གི་ཉམས་འགྱུར་གསར་པ་ངོམས་ཡོད། ཆུ་ལོག་དང་རྒྱ་མཚོའི་རླུང་འཚུབ་སོགས་རང་བྱུང་གནོད་འཚེའི་མདུན་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་མཆོང་བྱས་པ་དང་། ཚང་མས་ཀུན་སེམས་གཅིག་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་བྱས་ཡོད། ངལ་རྩོལ་པ་དང་། འཛུགས་སྐྲུན་པ། ལས་གཏོད་པ་སོགས་བགྲང་ལས་འདས་པས་ཕུགས་འདུན་ཆེད་འབད་འཐབ་བྱེད་བཞིན་ཡོད། ངས་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྤྲད་པ་ཡིན། གཟི་བརྗིད་དེ་ནི་ཁོང་ཚོར་དབང་བ་ཞིག་ཡིན་ལ། འགན་འཁྲི་ཕྲག་ཏུ་འཁུར་མཁན་འབད་འཐབ་པ་ཚང་མར་དབང་བ་ཞིག་ཀྱང་རེད།
དེང་གི་འཛམ་གླིང་ཐོག་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་ཡོད་པས། འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འགྱུར་ལྡོག་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་བཏང་ཡོད། ང་ཚོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་གཏིང་ཟབ་པ་དང་དངོས་སྒྲུབ་ཕྱོགས་སུ་སྐུལ་འདེད་བཏང་བ་དང་། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་བདེ་བླག་ངང་གཉེར་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། འབོ་གསེར་རྒྱལ་ཁབ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་གཉིས་དང་ཕྱོགས་མང་གི་འདུ་ཚོགས་ཐོག་ཀྲུང་གོའི་འདོད་ཚུལ་གསལ་པོར་བཏོན་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་དྲང་ནུས་དེ་བས་མང་བ་བསྣན་ཡོད།
ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། བརྩེ་བ་ཟབ་མོས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕོ་འགྱུར་ཆེན་པོར་ཕྱིར་དྲན་བྱས་ཡོད། ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་གྱི་ལམ་བུར“ཀྲུང་གོ”ཞེས་པའི་ཡིག་འབྲུ་གཉིས་མཆོད་ཆས“ཧོ་ཙུན”གྱི་མཐིལ་དུ་བརྐོས་ཡོད་ལ། ཀྲུང་ཧྭ་ཡི་བུ་ཕྲུག་ཚང་མའི་སེམས་ནང་དེ་བས་བརྐོས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་དུང་བརྡ་བསྒྲགས་ཡོད། ང་ཚོ་སྒྱུར་བཅོས་སྒོ་དབྱེའི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་མདུན་དུ་སྐྱོད་བཞིན་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྒྱུར་བཅོས་སྒོ་དབྱེའི་ཁྲོད་དེ་བས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་ཐུབ་ངེས་རེད།
2025ལོར། ང་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་རེད། དེ་བས་དགེ་མཚན་ལྡན་ལ་ནུས་པ་ཆེ་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། སེམས་ནུས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཁ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་རེད། མིག་སྔར་དཔལ་འབྱོར་འཁོར་སྐྱོད་ལ་གནས་ཚུལ་གསར་པ་འགའ་ཤས་འཕྲད་ཡོད། དེའི་ནང་ཕྱི་ཕྱོགས་ཁོར་ཡུག་གི་ངེས་གཏན་མེད་པའི་རང་བཞིན་གྱི་འགྲན་སློང་ཡོད་ལ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་གྱི་གནོན་ཤུགས་ཀྱང་ཡོད། ཡིན་ན་ཡང་དེ་དག་ནི་འབད་བརྩོན་བྱས་ན་ཁྱད་བསད་ཐུབ་པ་ཞིག་ཡིན། ང་ཚོ་ནི་སྔར་ནས་ཆར་རླུང་ཁྲོད་འཚར་ལོངས་བྱུང་བ་དང་ཚོད་བགམ་མང་པོའི་ཁྲོད་སྟོབས་ཆེར་གྱུར་པ་ཞིག་ཡིན་པས། ཚང་མར་གདེང་ཚོད་ཆེན་པོ་ཡོད་དགོས།
ཁྱིམ་དོན་དང་། རྒྱལ་དོན། གནམ་འོག་གི་དོན་དག་ཚང་མའི་ཁྲོད་ནས་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་དེ་རེད། ཁྱིམ་ཚང་ཚང་མས་ཕྲུ་གུར་སློབ་གསོ་ཡག་པོ་ཐོབ་པ་དང་། རྒན་རྒོན་ལ་རྒན་གསོའི་ཞབས་ཞུ་ཡག་པོ་ཐོབ་པ། ན་གཞོན་རྣམས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་པ་བཅས་ཀྱི་རེ་སྒུག་བྱེད་བཞིན་ཡོད། བབ་ཆགས་པའི་བསམ་འདུན་འདི་དག་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་སྤྱི་ཚོགས་འཛུགས་སྐྲུན་དང་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། འཆམ་མཐུན་བསྟུན་མཁས་ཀྱི་རྣམ་པ་རྒྱུན་མཐུད་གཏོད་པ། མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆེ་ཆུང་ཁག་ཐག་གཅོད་ཡག་པོ་བཅས་བྱས་ཏེ། ཚང་མའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། སེམས་ནང་དྲོ་སྐྱིད་ལྡན་པར་བྱེད་དགོས།
ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བའི་སྐབས་སུ། ང་རང་སླར་ཡང་ཧའོ་ཅང་གཙང་པོའི་འགྲམ་དུ་སླེབས་བྱུང་། འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ་དེ་དག་ལས་མི་རྣམས་དགའ་འོས་པ་ཞིག་འདུག ང་ཚོས་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་བསྟར་བྱས་ནས། ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱེད་ཀྱི་ཡིན། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ནི་ཁྱིམ་ཚང་གཅིག་གི་གཉེན་ཉེ་ཡིན་པས། ང་ཚོའི་ཁྲག་རྒྱུན་ནང་གི་གཉེན་ཉེའི་བརྩེ་བ་དེ་སུས་ཀྱང་འགོག་ཐབས་མེད་ལ། མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་སུས་ཀྱང་འགོག་ཐབས་མེད།
འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས། བློ་རྒྱ་ཆེན་པོས་འགལ་བ་དང་གདོང་ཐུག་སེལ་བ་དང་། བརྩེ་བ་ཆེན་པོས་མིའི་རིགས་ཀྱི་ལས་དབང་ལ་སེམས་ཁུར་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ཀྱི་ལག་ལེན་པ་དང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ནང་ཞུགས་མཁན་བཅས་བྱས་ནས། འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད།
ཕུགས་འདུན་ནི་རྒྱང་ཐག་རིང་ཡང་། དོན་དུ་གཉེར་ན་འགྲུབ་པར་ངེས། འདུན་པ་ནི་འགྲུབ་པར་དཀའ་ཡང་། རྒྱུན་འཁྱོངས་བྱས་ན་མངོན་འགྱུར་ཐུབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་སྐྱེ་བོ་མི་རེ་ངོ་རེ་ནི་མི་སྣ་གཙོ་བོ་ཤ་སྟག་ཡིན་པ་དང་། ཁོང་ཚོས་ཕུལ་བའི་ལེགས་སྐྱེས་རེ་རེ་ཡང་རྩ་ཆེན་ཤ་སྟག་ཡིན་ཞིང་། འོད་རེ་རེ་འདུས་པ་ལས་འོད་སྟོང་ཕྲག་འཚེར་བར་འགྱུར།
རི་ཀླུང་མཛེས་སྡུག་ལྡན། གློག་འོད་རྣམ་པར་བཀྲ། ང་ཚོས་ཕུགས་འདུན་སེམས་ལ་བཅངས་ནས་ལོ་གསར་པར་བསུ་བ་ཞུ། མེས་རྒྱལ་དུས་བདེ་ཁམས་བཟང་དང་དར་རྒྱས་འབྱོར་ཕྱུག་ཡོང་བའི་སྨོན་འདུན་ཞུ། ཚང་མའི་བསམ་འདུན་ལྷུན་གྱིས་འགྲུབ་པ་དང་། དགའ་དགའ་སྤྲོ་སྤྲོ་དང་བདེ་བདེ་ལྷོད་ལྷོད་ཡོང་བའི་སྨོན་འདུན་ཞུ་གི་ཡིན།
BQTV
监 审:阿 旺
责 编:格桑扎拉
编 辑:次仁尼吉
来 源:西藏日报藏文媒体
邮箱:nqbqgdj@163.com
关注:巴青新闻