སྡེ་ཚན་བདུན་གྱིས་ཡིག་ཆ་བཀྲམས་ནས་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ལ་ཤུགས་སྣོན་བྱ་རྒྱུ།
ཉེ་ཆར་སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས《དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་པའི་ལས་དོན་ལ་སྔར་ལས་ཤུགས་སྣོན་བྱ་རྒྱུའི་བྱེད་ཐབས་འགའ་ཞིག》མཉམ་དུ་དཔར་འགྲེམས་བྱས་ནས་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ལ་སྔར་ལས་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་གྱི་ཆབ་སྲིད་ཀྱི་གནས་བབ་དང་སྤྱི་ཚོགས་ཀྱི་གོ་གནས། ལས་རིགས་ཀྱི་གནས་བབ་བཅས་ཇེ་མཐོར་བཏང་།
ཡིག་ཆའི་ནང་སྨན་བཅོས་བདེ་ཐང་དང་། རིག་གནས་མཐོར་འདེགས། འཚོ་བའི་ཞབས་ཞུ། སྡོད་ཁང་འགན་སྲུང་དང་དེ་བཞིན་ཕྱོགས་གཞན་དག་གི་ཐད་ནས་དགེ་བཀུར་དགེ་ཕན་གྱི་བྱེད་ཐབས་ཁ་གསལ་བཏོན།
སྨན་བཅོས་བདེ་ཐང་ཐད།
ས་གནས་ཁག་གི་སློབ་གསོའི་སྡེ་ཚན་གྱིས་ལོ་ལྟར་དགེ་རྒན་སྒྲིག་འཛུགས་བྱས་ནས་རིན་མེད་ངང་ལུས་ཕུང་བདེ་ཐང་བརྟག་དཔྱད་ཐེངས་རེ་བྱེད་དགོས་པ་དང་། དུས་བཀག་ཐོག་སེམས་ཁམས་བདེ་ཐང་གི་འཆད་ཁྲིད་དང་སེམས་ཁམས་ཟུར་ཁྲིད་སོགས་ཀྱི་ཞབས་ཞུ་སྤེལ་ཏེ་དགེ་རྒན་གྱི་བདེ་ཐང་ཡིག་ཚགས་བཟོ་དགོས། ས་གནས་ཁག་གི་སློབ་གསོའི་སྡེ་ཁག་གིས་ཡུལ་བབ་དང་བསྟུན་ནས་དགེ་རྒན་སྒྲིག་འཛུགས་བྱས་ནས་ངལ་གསོ་དང་དངོས་བཅོས་བདེ་སྲུང་སོགས་ཀྱི་བྱེད་སྒོ་སྤེལ་བར་བསྔགས་སྐུལ་བྱ་དགོས། ས་གནས་ཁག་གིས་ས་གནས་དེའི་དགེ་རྒན་ལ་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་ནས་དགེ་རྒན་ལ་ཁ་ཕྱོགས་པའི་བདེ་ཐང་དྲིལ་སྒྲོག་དང་སློབ་གསོ་སོགས་ཀྱི་ཞབས་ཞུ་སྒྲུབ་རྒྱུར་སྐུལ་ལྕག་བྱེད་དགོས།
རིག་གནས་མཐོར་འདེགས་སུ་གཏོང་བའི་ཐད།
ས་གནས་ཁག་གི་རྟེན་རྫས་བཤམས་མཛོད་ཁང་དང་། དྲན་གསོ་ཁང་། མཛེས་རྩལ་ཁང་། ཚན་རྩལ་ཁང་། ལོ་ཆུང་ཕོ་བྲང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་དང་། སྤྱི་གླིང་། འགྲེམས་སྟོན་ཁང་། རིག་དངོས་གནའ་ཤུལ། རང་བྱུང་མཛེས་ལྗོངས་ཁུལ་སོགས་ལྟ་སྐོར་བྱེད་གནས་ཀྱིས་དགེ་རྒན་ལ་འཛིན་བྱང་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་མཁོ་འདོན་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས། ས་གནས་ཁག་གིས་དགེ་རྒན་གྱི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་ནས་གཞོན་ནུ་དགེ་རྒན་གྱིས་གྲོགས་པོ་སྒྲིག་པའི་མཐུན་འབྲེལ་སྟེགས་བུ་ཧུར་ཐག་གིས་བསྐྲུན་ནས་དགེ་རྒན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
འཚོ་བའི་ཞབས་ཞུའི་ཐད།
འབྲེལ་ཡོད་ཁེ་ལས་ཀྱིས་དགེ་རྒན་ལ་རྒྱུན་དུ་འཛད་སྤྱོད་ཐོན་རྫས་དང་ཁྱིམ་སྤྱོད་གློག་ཆས། མཉེན་ཆས་ཚོགས་མིའི་ཁེ་དབང་། རླངས་འཁོར་སོགས་ཉོ་སྒྲུབ་ཐད་ཀྱི་ཆེད་གཏོགས་གཟིགས་སྐྱོང་བྱེད་སྒོ་སྤེལ་རྒྱུར་སྐུལ་མ་གཏོང་དགོས། འབྲེལ་ཡོད་རྒྱལ་ཁབ་ལ་དབང་བའི་ཚོང་ལས་དངུལ་ཁང་གིས་དགེ་རྒན་ལ་ཡིད་རྟོན་བྱང་བུ་དང་དངུལ་བུན་སོགས་རང་གཤིས་ཅན་གྱི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པར་བསྔགས་སྐུལ་བྱ་དགོས། ཆ་རྐྱེན་ཡོད་པའི་ས་གནས་སུ་དགེ་རྒན་དག་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་སོགས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་ཆག་ཡང་དང་རྩ་ཆག་གཏོང་བར་རྒྱབ་སྐྱོར་བྱ་དགོས།
སྡོད་ཁང་འགན་སྲུང་གི་ཐད།
ཆ་རྐྱེན་འཛོམས་པའི་དགེ་རྒན་རྣམས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་ཁྱབ་ཁོངས་སུ་བཅུག་སྟེ་དགེ་རྒན་གྱི་སྡོད་ཁང་དཀའ་ངལ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཕྱོགས་གཞན་པ།
སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ལེགས་སྐྱེས་འབུལ་བ་དང་། དང་བླངས་ཞབས་ཞུ་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དགེ་རྒན་ལ་དགེ་བཀུར་དགེ་ཕན་གྱི་ཞབས་འདེགས་ཞུ་བར་བསྔགས་སྐུལ་བྱེད་དགོས།
ཡིག་ཆའི་ནང་ས་གནས་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་བ། སྤྱི་ཚོགས་ཀྱིས་སྟོབས་ཤུགས་བཏོན་ནས་དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་འདོགས་པའི་ཞབས་ཞུའི་ནང་ཞུགས་རྒྱུར་སྤྱི་འདོམས་སྐུལ་སློང་གང་ལེགས་བཅས་བྱས་ནས་སྲིད་གཞུང་གིས་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྡེ་ཚན་གྱིས་ལས་བགོས་འགན་འཁུར། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་བྱས་ཏེ་དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་འདོགས་པའི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་དགོས་པའི་བླང་བྱ་བཏོན།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་པ། བསྟན་འཛིན་འཇིགས་མེད།
དོ་དམ་པ། བསམ་གྲུབ་བསྟན་འཛིན།