སྤྱི་ཟླ་12ཚེས་9ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྒྱལ་ལོ་རྒྱུས་ཐོག་གི་མཐའ་མཚམས་བཅོས་སྐྱོང་ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དགོས་ངེས་ཀྱི་འོན་འགན་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་གི་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པ། མཐའ་མཚམས་བཅོས་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས། མཐའ་མཚམས་ས་ཁུལ་སྤུས་མཐོའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་པུའི་ཨུ་ཡོན། ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་བློ་མཐུན་ལི་གོ་ཆང་གིས་གནད་དོན་དེའི་ཐད་འགྲེལ་བཤད་གནང་བ་དང་། ལས་དོན་གྱི་གྲོས་འགོ་བཏོན་གནང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་དེར་ནན་ཏན་ངང་གསན་པ་མ་ཟད་གྲོས་བསྡུར་གནང་ཡོད།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་གྲུབ་རྗེས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་འཛིན་གྱི་འཐབ་ཇུས་ཀྱི་གནས་བབས་ཧྲིལ་པོར་གཞིགས་ཏེ། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ”དང་། “མཐའ་དར་དམངས་ཕྱུག མཐའ་མཚམས་བརྟན་ལྷིང་དང་སྲ་བརྟན་དུ་གཏོང་བ”སོགས་ཀྱི་ཆོད་གཏམ་གལ་ཆེན་དང་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མཐའ་མཚམས་ས་ཁུལ་སྤུས་མཐོའི་གོང་འཕེལ་འགྲོ་གྱོགས་སུ་གཏོང་བ། མཐའ་མཚམས་ས་ཁུལ་དེ་རྒྱལ་ཡོངས་དང་མཉམ་དུ་དབུལ་གྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཟིན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་རྒྱུ་བཅས་ལ་སྐུལ་འདེད་བཏང་བས། མཐའ་མཚམས་བཅོས་སྐྱོང་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ཅེས་བསྟན་གནང་འདུག
ཞི་ཅིན་ཕིང་གིས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་དེ་མཐའ་མཚམས་བཅོས་སྐྱོང་གི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། འཐབ་ཇུས་འཆར་འགོད་དང་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། མཐའ་མཚམས་བཅོས་སྐྱོང་དེ་ཕྱོགས་ཁག་གི་བྱ་གཞག་གོང་འཕེལ་གཏོང་བའི་ཁྲོད་མཉམ་འདྲེས་ཐུབ་པ་བྱེད་དགོས། འབྲེལ་ཡོད་ཚན་པས་རང་འགན་རང་འཁུར་དང་། འགན་འཁྲི་འཁུར་ཕོད་པ། གཞོགས་འདེགས་དམ་ཟབ་བྱེད་པ་བཅས་ཀྱིས་མཉམ་ཤུགས་ཆགས་པ་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དགོངས་དོན་ཚད་གཞིར་འཛིན་པ་མ་ཟད། ཇུས་འགོད་དང་ཁྲིམས་སྲོལ། སྲིད་ཇུས། རྣམ་གྲངས་བཅས་ཀྱི་ཞིབ་ཕྲའི་འཆར་འགོད་དང་ལག་ལེན་ཁྲོད་དོན་འཁྱོལ་བྱེད་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཐའ་མཚམས་ས་ཁུལ་གཅིག་ཀྱང་ལུས་མི་རུང་། མཐའ་མཚམས་ས་ཁུལ་གྱི་གོང་འཕེལ་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཐབ་ཇུས་ཀྱི་གནས་བབས་ཧྲིལ་པོའི་ནང་འཇུག་པ་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ནང་འཇུག་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། མཐའ་མཚམས་ས་ཁུལ་གྱིས་རང་ཉིད་ཀྱི་ཆ་རྐྱེན་ལ་བརྟེན་ནས་གོང་འཕེལ་གྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོའི་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་རང་ངོས་ཀྱི་སྤུས་མཐོའི་གོང་འཕེལ་མངོན་འགྱུར་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། བསྒྱུར་བཅོས་སྒོ་དབྱེར་བརྟེན་ནས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། གསོན་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཐའ་མཚམས་ས་ཁུལ་དེ་ཉིད་མཚོ་རྒྱུད་དང་མཐའ་ཁུལ་སོགས་ཡིན་པའི་དགེ་མཚན་འདོན་སྤེལ་བྱེད་པ། རྣམ་པ་སྣ་ཚོགས་པའི་སྒོ་དབྱེའི་མཐོ་ས་གཏོད་པ་བཅས་བྱས་ཏེ། སྐམ་ས་དང་མཚོ་ཐོག་ཕྱི་ནང་བཅས་མཉམ་འགུལ་དང་། ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས་བྱེད་པའི་ཁྱོན་ཡོངས་སྒོ་དབྱེའི་གནས་སྟངས་ཆགས་པ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། རྫོང་གྲོང་གིས་གཞི་རྟེན་གལ་ཆེན་བྱས་པའི་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱ་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། དབུལ་གྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། གཞི་ཁྱོན་ཅན་གྱི་དབུལ་ལོག་ཐེབས་པ་དང་དབུལ་པོ་ཆགས་རྒྱུར་བཀག་འགོག་ནུས་ལྡན་བྱེད་དགོས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོགས་གསབ་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་ལས་དོན་གྱི་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་ལེན་བསྟར་ཐོག མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་ཡོང་བ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་བསླབ་གཞི་ཁྱོན་ཡོངས་ནས་ཁྱབ་གདལ་བེད་སྤྱོད་གཏོང་དགོས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་བཙུད་འཇུག་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་གཞི་དང་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་བཏོད་དེ་མི་རིགས་ཁག་སེ་འབྲུ་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུ་དེ་མཐའ་མཚམས་བཅོས་སྐྱོང་གི་མ་མཐའི་བླང་བྱར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་ཕྱོད་ཆེ་རུ་གཏོང་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གྱི་ནུས་པ་འདོན་ཤུགས་ཆེ་རུ་བཏང་ནས། རྒྱལ་སྲུང་མཐའ་སྲུང་གི་ཁྱོན་ཡོངས་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། མཐའ་མཚམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐའ་མཚམས་ཀྱི་ལོ་རྒྱུས་དང་མཐའ་མཚམས་བཅོས་སྐྱོང་དང་འབྲེལ་བའི་རིག་ཚན་མང་པོའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ཐོག ཀྲུང་གོའི་རང་བརྟེན་གྱི་མཐའ་མཚམས་རིག་པའི་ཤེས་བྱའི་མ་ལག་གང་མགྱོགས་འཛུགས་དགོས། མཐའ་མཚམས་བཅོས་སྐྱོང་གི་རིགས་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེ་རིགས་ལ་ཞིབ་འཇུག་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ཐོག ཤུགས་རྐྱེན་ལྡན་པ་དང་གོ་སྐོན་བློ་འགུག་ནུས་པ་ལྡན་པའི་ཞིབ་འཇུག་གྲུབ་འབྲས་དེ་བས་མང་བ་འདོན་དགོས། མཐའ་མཚམས་ཞིབ་འཇུག་གི་གྲུབ་འབྲས་ལེགས་པར་སྤྱད་དེ། དུས་རབས་གསར་པའི་ཀྲུང་གོའི་མཐའ་མཚམས་བཅོས་སྐྱོང་གྱི་གཏམ་ལེགས་པར་བརྗོད་དགོས། ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་པ་དང་། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་བ། ཕྱོགས་བསྡུས་བྱང་ཚད་མཐོ་བ་བཅས་ཀྱི་མཐའ་མཚམས་བཅོས་སྐྱོང་གི་ཞིབ་འཇུག་དཔུང་ཁག་ཅིག་གཏོད་དགོས་ཞེས་ནན་སྟོན་གནང་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་འགན་ཁུར་པ། བསྟན་འཛིན་འཇིག་མེད།
དོ་དམ་པ། བསམ་གྲུབ་བསྟན་འཛིན།