ཚིག རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།
ལེན་མཁན། རིག་དགའ།
སྐྱ་རེངས་དང་པོ་ཤར་དུས། །
རྔ་ཆུང་ཏིང་ཏིང་རྡུང་སྐབས། །
བསྐྱེད་རྫོགས་སྒོམ་ལ་གནས་པའི། །
བླ་རུང་ཆོས་སྒར་དྲན་བྱུང་། །
ཉི་རྩེ་རི་ལ་རྒྱག་དུས། །
ཆོས་ཀྱི་དུང་སྒྲ་འབུད་སྐབས། །
ཐོས་བསམ་མཐའ་རྒྱ་གཅོད་པའི། །
བླ་རུང་ཆོས་སྒར་དྲན་བྱུང་། །
དྲོས་ཆུ་ཉི་མའི་གུང་ལ། །
མཁར་རྔ་སིང་སིང་རྡུང་སྐབས། །
གཞན་དོན་ཕྲིན་ལས་སྒྲུབ་པའི། །
བླ་རུང་ཆོས་སྒར་དྲན་བྱུང་། །
ཉི་མ་དམར་ཐག་ཆད་དུས། །
རྩོད་པའི་མཐའ་རྒྱ་གཅོད་སྐབས། །
ཕས་རྒོལ་ཟིལ་གྱིས་གནོན་པའི། །
བླ་རུང་ཆོས་སྒར་དྲན་བྱུང་། །
ཐུན་གསུམ་མཚན་མོའི་འོག་ཏུ། །
འོད་གསལ་གཉིད་ལ་ཡུར་སྐབས། །
རྫོགས་ཆེན་རྣལ་འབྱོར་བསྒོམ་པའི། །
བླ་རུང་ཆོས་སྒར་དྲན་བྱུང་། །
ཉིན་མཚན་དུས་དྲུག་ཀུན་ཏུ། །
དྲན་དྲན་བླ་རུང་དྲན་བྱུང་། །
ཉིན་མཚན་དུས་དྲུག་ཀུན་ཏུ། །
དྲན་དྲན་བླ་རུང་དྲན་བྱུང་། །