གཙང་སྡེ་སྲིད་ཀརྨ་ཕུན་ཚོགས་རྣམ་རྒྱལ་ནི་མི་སྣ་རྩོད་གཞི་ཅན་གྱི་གྲས་རེད།དཔེར་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བོད་ཀྱི་ཆབ་དཔལ་རིག་གསུམ་ལ་མཛད་རྗེས་ཆེ་བའི་མི་སྣ་ཁྱད་དུ་འཕགས་པ་ཞིག་དང་།རྒྱལ་པོ་ལྷ་བཟང་ཧན་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ཤིང་།རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་སྟེ་རྒྱང་འབུད་བཏང་བ་སོགས་བོད་ཀྱི་བསྟན་སྲིད་ལ་གནོད་པའི་འཕུང་འདྲེ་ཞིག་ཏུ་ངོས་འཛིན་མཛད་ཀྱིན་ཡོད་ལ།ཡང་སྔ་མ་བདུད་ལུང་གིས་ཟུན་པ་དང་།ཕྱི་མ་རྗེ་བླ་མའི་སྤྲུལ་བ་ཡིན་པར་གསུངས་བའང་ཡོད་པ་ལྟར། གཙང་སྡེ་སྲིད་ཀརྨ་ཕུན་ཚོགས་རྣམ་རྒྱལ་ཡང་ལོ་རྒྱུས་ཐོག་བསྟོད་སྨད་སྣ་ཚོགས་ཀྱི་འཚང་ཁ་བྱུང་མྱོང་ས་ཞིག་རེད། ཁོང་གི་མཆོད་གནས་གཙོ་ཆེ་བ་ནི། འབྲུག་པ་སངས་རྒྱས་རྡོ་རྗེས།
ཐུབ་པ་སེངྒེའི་རྣམ་འཕྲུལ་ཀརྨ་པ། །འཇམ་མགོན་མི་ཡི་སྲིད་འཛིན་ས་སྐྱ་བ། །ཀུན་མཁྱེན་ཀུན་དགའ་སྙིང་པོ་ཇོ་ནང་བ།
།རྣམ་གསུམ་གཙུག་ཉི་ནོར་བུའི་གྲོགས་སུ་བསྟེན། །ཞེས་གསུངས་པ་ལྟར། རྒྱལ་བ་ཀརྨ་པ་ཡབ་སྲས་དང་།
དཔལ་ས་སྐྱ་བ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་རྣམས་དང་། བླ་མ་སོག་ཟློག་པ་སོགས་ཡིན་ཚོད་རེད།འདི་ལ་རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་ལ་ཁོ་བོས་ཞིབ་མཇལ་བྱས་པ་ཡིན།
འདིའི་ཐོག་མཐའ་བར་གསུམ་དུ་ས་སྐྱོང་ཕུན་ཚོགས་རྣམ་རྒྱལ་དེ་ཉིད་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་དང་།བླ་མ་ག་གེ་མོའི་སྐྱེ་བ་ཡིན་པ་སོགས་ཚིག་ཟུར་ཙམ་ཡང་གསུངས་མི་འདུག་མོད། མཁྱེན་རབ་དང༌བློ་གྲོས་བསོད་ནམས་ལས་ཤུགས་སྨོས་མ་དགོས་པ་དང་།
ཁོང་ལ་དད་འདུན་དང་ཡིད་ཆེས་ཆེན་པོ་ཡོད་པ་དང་།ཁྱད་པར་དུ་དཔལ་ཇོ་ནང་པའི་ལྟ་བ་ལ་ཐུགས་མོས་ཆེ་ཞིང༌།བསྟན་པ་འཕེལ་བསྐྱེད་ཅུང་ཟད་བྱུང་བ་འདི་ཁོང་གི་ཕྱག་རྗེས་ཡིན་པ་སོགས་གསུངས་ཡོད།མེ་སྦྲུལ༡༦༡༧ལོར་བསམ་འགྲུབ་རྩེར་ཏཱ་ར་ནཱ་ཐའི་དྲུང་ནས་བཤེས་འཕྲིན་དང་འཇིག་རྟེན་བསྟན་བཞག་སོགས་ལ་སློབ་གཉེར་བྱས་ཡོད་ལ།དེ་དུས་ཟིན་བྲིས་མཛད་པ་དང་།ཚིག་འཛིན་སྤུས་གཙང་ཞིང༌།དོན་ལ་ཡང་གོ་བབས་ཤིན་ཏུ་བཟང་བའི་ཐུགས་རབ་ཁྱད་པར་ཅན་རང་ཡིན་ཞེས་གསུངས་ཡོད་ལ། ཡང་ས་ལུག༡༦༡༩ལོར་ཡང་རྟག་བརྟན་དུ་མངོན་པར་རྟོགས་པའི་རྒྱན་གྱི་བཤད་པ་གསན།འདི་དུས་ཡང་ཏཱ་ར་ནཱ་ཐའི་ཞལ་ནས།སྡེ་སྲིད་འདི་འཛིན་ཆོས་སྐྱོང་བ་དང༌།ཟིན་བྲིས་འདེབས་པ་ཡང༌།འདི་སྐབས་ཐུགས་བྲེལ་ཤིན་ཏུ་རང་ཆེ་བའི་སྐབས་སུ་འདུག་ཀྱང༌།འཛིན་ཆོས་དང༌།ཟིན་བྲིས་དང༌།མཐའ་གཅོད་ཀྱི་བཤད་པ་གསན་པ་སོགས་ཐུགས་རྩོལ་ཤིན་ཏུ་ཆེ་བ་མཛད།བཙུན་པ་ཀུན་ལ་འདི་འདྲའི་འདུན་པ་བྱུང་ན་འཚེང་པ་གདའ་སྟེ།ཞོགས་རྒྱུགས་རེ་ཡང་འཛིན་མི་ནུས།སྤྱི་ཆོས་ཐུན་རེ་ཡང་ཉན་མི་ནུས་པ་འདིས་ཕུང་གདའ།ཞེས་བསྟོད་བསྔགས་གནང་ཡོད་ལ།ཡང་མཚམས་རེར་བསྐལ་དུས་འདི་རྩོད་ལྡན་ཡིན་པའི་དབང་གིས།བླ་མའམ་ཤིན་ཏུ་ཉེ་བའི་གྲོགས་ལའང་ཕྱི་མ་ནང་དང་གཡོ་སྒྱུ་ཕྲན་ཚེགས་རེ་ཡོང་བ་འདི་ཀུན་གྱི་ལུགས་སུ་འདུག་ཅེས་བླ་མ་དང་ཉེ་བའི་གྲོགས་སོགས་ལའང་གཡོ་རྒྱུའི་སྦྱོར་བ་ཅུང་ཟད་རེ་མཛད་ཡོད་པའི་གསུང་ཡང་ཐོན་ཡོད།ཏཱ་ར་ནཱ་ཐ་དགུང་ལོ་ལྔ་བཅུ་པ་ཤིང་བྱི
༡༦༢༤ ལ་སྡེ་སྲིད་ཕུན་རྣམ་གྱི་གདུང་ཞུགས་འབུལ་བྱས་ཡོད་ལ་དེ་དུས་ཡང་ཁོང་གི་ཞལ་ནས། ཧོར་ཟླ་བཅུ་པའི་ཚེས་བདུན་ལ་སྐུ་གདུང་ཞུགས་འབུལ་བྱས་པ་ཡིན།དེ་སྐབས་མེ་རང་འབར་ལྟ་བུ་དང༌།ནམ་མཁའ་འཇའ་སྤྲིན་ལེགས་པོས་ཁེབས་ཤིང༌།སྟེང་ཐད་རང་ལ་འཇའ་འོད་སྒོར་མོ་སོགས་ཀུན་གྱིས་མཐོང་བ་དེ་ཡིན།འགའ་ཞིག་མེ་ཏོག་གིས་ཆར་འདུག་ཀྱང་ཟེར།གང་ལྟར་ནའང་ཕྱི་ནང་གི་ལྟས་ཐམས་ཅད་ལེགས་པར་འདུགལྷའམ་མི་མཆོག་གི་སྐྱེ་བ་བརྙེས་པར་ཐག་ཆོད།
ཅེས་གསུངས་ཡོད།
སྡེ་སྲིད་ཀརྨ་ཕུན་ཚོགས་རྣམ་རྒྱལ་འཁྲུངས་ལོ།
སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱི་འཁྲུངས་ལོ་ལ་ངེས་ཐག་ཆོད་པའི་གཅིག་མཐུན་ཞིག་ད་བར་དུ་བྱུང་མེད་ལ།
ཨ་ལག་དུང་དཀར་རིན་པོ་ཆེའི་ཚིག་མཛོད་དུ་གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ།སྡེ་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་བུ་དགུ་ཡོད་པ་ལས་མིང་གྲགས་ཆེ་བ་གསུམ་བྱུང(ཀརྨ་མཐུ་སྟོབས་རྣམ་རྒྱལ།ཀུན་སྤངས་ལྷ་དབང་རྡོ་རྗེ།ཀརྨ་བསྟན་སྲུང་དབང་པོ)བས་དེ་གསུམ་གང་རིགས་ཤིག་གི་བུ་ཡིན།རབ་བྱུང་དགུ་པའི་ལྕགས་ཁྱི༡༥༥༠ལོར་གཞིས་ཁ་བསམ་འགྲུབ་རྩེར་སྐྱེས།ལོ་ཆུང་དུས་ནས་ཕ་མ་གཉིས་ཀ་འདས།
ཞེས་སོགས་འཁོད་ཡོད།དུང་དཀར་ཚང་གིས་འདིའི་ཁུངས་གཏུགས་ས་ནི་གཙང་སྟོད་རྒྱལ་པོའི་གདུང་རབས་ཞེས་པའི་ཡིག་རྙིང་མཛད་བྱང་མི་གསལ་བ་ཞིག་ཡོད་པ་དེ་ཡིིན་ནམ་སྙམ་སྟེ།《བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི་གངས་ཅན་རིག་མཛོད་དེབ༦༠བ》གདུང་རབས་དེའི་ནང་དུ་སྡེ་སྲིད་གསུམ་གང་གི་སྲས་ཡིན་གསལ་ཁ་མེད་པར་དེ་གསུམ་གྱི་སྲས་ཞེས་དང་།ལྕགས་ཁྱི་ལ་རྒྱལ་ཁབ་བསམ་གྲུབ་རྩེར་སྐུ་བལྟམས་པ་དང་།སྐུ་གཞོན་ནུ་ནས་ཡབ་ཡུམ་གནམ་གྱི་གུང་སྐས་ལ་གཤེགས་ཞེས་སོགས་འཁོད་ཡོད་པས་སོ།། རབ་བྱུང་དགུ་པའི་ལྕགས་ཁྱི་ལ་འཁྲུངས་བར་བཤད་པ་དང་།
ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་བུ་དགུ་ཡོད་པ་ལས་མིང་གྲགས་ཆེ་བ་གསུམ་བྱུང་བའི་གང་རིགས་ཤིག་གི་བུ་ཡིན་པར་བཤད་པ། ཆུང་དུས་ནས་ཕ་མ་གཉིས་ཀ་འདས་པར་བཤད་པ་སྟེ་འདི་གསུམ་ལ་བརྟག་དཔྱད་བྱེད་རྒྱུ་འདུག ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་བུ་མིང་གྲགས་ཆེ་བ་གསུམ་པོའི་འདས་ལོ་་རྣམས་རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་དུ་གསལ་བར་འཁོད་ཡོད།
དེ་ལ་ཀུན་སྤངས་ལྷ་དབང་རྡོ་རྗེ་རབ་བྱུང་བཅུ་པའི་ཤིང་འབྲུག༡༦༠༤ལོའི་ལོ་སྨད་ཙམ་ལ་པ་སྣམ་དུ་འདས་ཡོད་པ་དང་།(1) སྡེ་སྲིད་ཀརྨ་བསྟན་སྐྱོང་རབ་བྱུང་བཅུ་པའི་ས་བྱ༡༦༠༩ལོའི་ཧོར་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་འདས་པ་དང་།(2) སྡེ་པ་མཐུ་སྟོབས་རྣམ་རྒྱལ་ནི་རབ་བྱུང་བཅུ་པའི་ལྕགས་ཁྱི༡༦༡༠ལོའི་ཧོར་ཟླ་བརྒྱད་པའི་གནམ་གང་ལ་འདས་པར་གསལ་བས།(3) སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་རྒྱལ་པོ་དེ་གསུམ་སུའི་སྲས་ཡིན་ནའང་།
འཁྲུངས་ལོ་རབ་བྱུང་དགུ་པའི་ལྕགས་ཁྱི༡༥༥༠ཡིན་པའི་དབང་དུ་བཏང་ན།
རིམ་བཞིན་དགུང་ལོ་ལྔ་བཅུ་ང་བཞི་དང་། ང་དགུ་དང་། དྲུག་ཅུ་གང་རུང་ཡིན་དགོས་པས་ཆུང་དུས་ནས་ཕ་མ་གཉིས་ཀ་འདས་གསུངས་པ་དང་འགྲིག་ཐབས་མེད་ལ། འདས་ལོ་རབ་བྱུང་བཅུ་བའི་ལྕགས་སྤྲེལ
༡༦༢༠ ལོའི་ལོ་སྨད་ཡིན་ལ་གསང་རྒྱ ༡༦༢༡ ལོར་བཀྲོལ་ཡོད་པ་ཏཱ་ར་ནཱ་ཐའི་རང་རྣམ་དུ་གསལ་བོར་འཁོད་ཡོད།
གཏན་ཁེལ་ཐུབ་པ་ཞིག་ལ་དེ་དུས་སྡེ་སྲིད་དགུང་ལོ་ཞེ་ལྔ་ལོན་མེད་པ་གསལ་བོ་རེད།རྒྱུ་མཚན་ཏཱ་ར་ནཱ་ཐའི་རང་རྣམ་དུ་ལོ་དེར་བར་ཆད་ཀྱི་དབང་དུ་མ་སོང་ན།དགུང་ལོ་བཞི་བཅུ་ཞེ་ལྔ་སྐོར་ཐུབ་པའི་ལུང་བསྟན་གནང་རབས་འདུག་པས་སོ།།(4) འདི་དག་གིས་སྡེ་སྲིད་འཁྲུངས་ལོ་རབ་བྱུང་དགུ་པའི་ལྕགས་ཁྱི༡༥༥༠མིན་པ་གསལ་བོར་ཤེས་ཐུབ། རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་དང་།
ཆབ་སྤེལ་གྱི་གཡུ་ཕྲེང་གཉིས་ཀར་ཕྱི་ལོ ༡༦༡༡ལོར་སྲིད་དབང་གི་འགན་བཞེས་དུས་དགུང་ལོ་བཅུ་བཞིར་སོན་ཡོད་པར་བཤད་པས་འཁྲུངས་ལོ་ས་ཁྱི༡༥༩༨ཡིན་དགོས། (5) མཁར་རྨེའུ་ཚང་གིས་ཀྱང་དེ་ལྟར་འདོད་ཀྱིན་ཡོད། ཡང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱི་སྲས་ཀརྨ་བསྟན་སྐྱོང་དབང་པོས་སྲིད་འགན་བཞེས་ལོ་ཕྱི་ལོ༡༦༢༡ལྕགས་བྱ་ཡིན་པ་དང་།དེ་དུས་དགུང་ལོ་བཅུ་བདུན་ཡིན་པར་བཤད་པར་ཡང་རྒྱལ་མོ་འབྲུག་པ་དང་།
ཆབ་སྤེལ་སོགས་ཞལ་མཐུན་ལ། དེ་ལྟར་ན་ཁོང་འཁྲུངས་ལོ་ཕྱི་ལོ༡༦༠༥རབ་བྱུང་བཅུ་བའི་ཤིང་སྦྲུལ་ཡིན་པས།(6)འདི་དུས་ཡབ་རྒྱལ་པོ་དགུང་ལོ་བརྒྱད་ལས་སོན་མེད་པ་དང་། སྤྱིའི་གནས་སྟངས་ལྟར་ན་ཁོང་གི་བཙུན་མོ་ཁོང་ལས་དགུང་ལོ་ཁ་ཤས་ཀྱི་ཆུང་ཡང་སྲིད་པས་འདི་ནི་ལོ་རྒྱུས་སྨྲ་བས་མཉམ་མ་བཞག་པའི་ཧམ་བཤད་དུ་སོང་མེད་པའི་ངེས་པ་མེད་སྙམ།
གཞན་ཡང་རྗེ་བཙུན་ཏཱ་ར་ནཱ་ཐ་དགུང་ལོ་ཉེར་གཅིག་པ་ཤིང་ལུག༡༥༩༥ལོའི་ཐད་ཀྱི་རང་རྣམ་དུ། བསམ་འགྲུབ་རྩེ་ནས་རྒྱལ་སྲས་ཞིག་གིས་གསར་དུ་མཇལ་རབས་གསུངས་ཡོད་ལ་དེ་ནི་སྡེ་སྲིད་ཀརྨ་ཕུན་ཚོགས་རྣམ་རྒྱལ་ཡིན་དགོས་པས། (7) དེས་རབ་བྱུང་བཅུ་བའི་ཤིང་ལུག༡༥༩༥ལོའམ་ཡང་ན་དེའི་སྔོན་ཞིག་ནས་སྡེ་སྲིད་འཁྲུངས་ཡོད་པར་གསལ་བཤད་བྱས་ཡོད་པ་སོགས་ཀྱིས་འཁྲུངས་ལོ་ས་ཁྱི ༡༥༩༨མ་ཡིན་པ་ཡང་གསལ་བོར་རྟོགས་ཐུབ།
སྡེ་སྲིད་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་ཡབ།
སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱི་ཡབ་སུ་ཡིན་ཐད་ལ། དུང་དཀར་ཚིག་མཛོད་དུ་གཙང་སྟོད་རྒྱལ་པོའི་གདུང་རབས་ལྟར་སྡེ་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེའི་བུ་གྲགས་ཆེ་བ་གསུམ་གང་རིགས་ཤིག་གི་བུ་ཡིན།ཞེས་གསུངས་པ་ཙམ་ལས་སུ་ཡིན་གསལ་བཤད་བྱས་མེད། རྒྱལ་མོ་འབྲུག་པ་དང་། ཆབ་སྤེལ་གྱིས་སྡེ་སྲིད་ཀརྨ་བསྟན་སྐྱོང་གི་སྲས་ཡིན་པར་བཤད་ཡོད། གོང་དུ་རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་དུ།བསམ་འགྲུབ་རྩེ་ནས་ནན་ཆགས་འབོད་མི་གནང་བའི་སྡེ་པ་མཐུ་སྟོབས་དྲུང་སྐུ་ལྟེམ་ནས་ཡུན་རིང་རབ་སོང་བ་ཕྱིར་ལོད་དུ་གྱུར་པ་ཞིག་འདུག་པས།སླར་སྐུ་འཚོ་མི་འཚོ་ཇི་ལྟར་བྱུང་ཡང་གལ་ཆེ་སྐབས་རང་དུ་འདུག་པས་ཡོང་དགོས་ཞེས་ཡབ་སྲས་གཉིས་ཅར་གྱིས་ནན་ཆགས་གནང་བྱུང་བས།
ཞེས་དང་། སྡེ་པ་ཀརྨ་བསྟན་སྐྱོང་གི་དགོངས་རྫོགས་སྐབས་རང་རྣམ་དུ། དེ་ཡང་སྐུ་འབྲིང་པའི་དྲུང་དང་ཞབས་དྲུང་རྒྱལ་བུ་ཡབ་སྲས་གཉིས་ཀར་ལ་ངས་ཆོག་གྲྭ་འདི་ཕྱོགས་མེད་རིས་མེད་རྒྱ་ཆེ་བ་རང་གནང་དགོས་ཞུས་པས་དེ་འཕྲལ་ཞལ་བཀོད་གནང་སོང༌། ཞེས་པའི་ཡབ་སྲས་གཉིས་ཞེས་པ་སྡེ་སྲིད་མཐུ་སྟོབས་རྣམ་རྒྱལ་དང་ཀརྨ་ཕུན་ཚོགས་རྣམ་རྒྱལ་རྣམ་གཉིས་ཡིན་དགོས་པས་འདི་ལ་དཔགས་ན་སྡེ་སྲིད་མཐུ་སྟོབས་རྣམ་རྒྱལ་གྱི་སྲས་ཡིན་ནམ་སྙམ་པ་ཞིག་འདུག་ལ།ལྔ་པ་ཆེན་པོའི་ཟུར་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་དུ།གསང་བདག་ནོར་བུ་བྱ་བ་ཟུར་གྱི་གདུང་རབས་སུ་བྱོན་པའི་བླ་མ་ཞིག་གི་ལོ་རྒྱུས་ཉུང་ངུ་ཞིག་འཁོད་ཡོད། དེའི་ནང་དུ།བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བའི་རྣལ་འབྱོར་པ་མཛད་བཞེད་ཀྱང་གཙང་སྟོད་སྡེ་པ་ཀརྨ་མཐུ་སྟོབས་པའི་བླ་མཆོད་སྲུང་འཁོར་ལ་བསམ་གྲུབ་རྩེར་བཞུགས།དཔོན་ས་ཡར་རྒྱབ་མར་སྲིད་འབེབས་མཛད་པས་ཀརྨ་ཕུན་ཚོགས་རྣམ་རྒྱལ་འཁྲུངས། ཞེས་གསུངས་པ་ལ་ཡང་སྡེ་བ་མཐུ་སྟོབས་རྣམ་རྒྱལ་དང་།དཔོན་ས་ཡར་རྒྱབ་མའི་སྲས་ཡིན་པའི་ཚིག་ཟུར་ཞིག་ཨེ་འདུག་སྙམ། གསང་བདག་ནོར་བུ་ནི་གཏེར་ཆེན་ལེགས་ལྡན་བདུད་འཇོམས་རྡོ་རྗེའི་སློབ་མ་དང་།རིན་སྤུངས་ངག་དབང་འཇིགས་གྲགས་གཟུགས་ཕྱོགས་མ་ལེགས་པ་དང་། འབྲུག་པ་པདྨ་དཀར་པོས་འབྲོང་རྩེ་རྒྱལ་བྱེད་ཚལ་འདེབས་པའི་ས་འདུལ་བ་མཛད་པ་དང་།རྗེ་པདྨ་དཀར་པོར་འབྲུག་ལུགས་ཀྱི་ཆོས་ཞུ་མྱོང་བས་འབྲུག་པའི་སློབ་མ་ཞིག་ཀྱང་ཡིན་པ་སོགས་གསལ།ཁོ་བོའི་ཟིན་བྲིས་ཤིག་ན་རབ་བྱུང་བཅུ་བའི་མེ་ཁྱི ༡༥༨༦
ལ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་འཁྲུངས་ཞེས་འཁོད་འདུག་མོད་དེའི་ཁུངས་གང་ཡིན་རེ་ཞིག་དྲན་ཡུལ་ནས་ཡལ་འདུག་པས་ག་ལེར་ཞུ་ཆོག་ལགས།
ཞེས་སྙོམ་ལས་པ་འཇམ་དཔལ་རྣམ་རྒྱལ་གྱིས་བྲིས། །
(1)རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་མ་བཅོས་ལྷུག་པའི་རྟོགས་བརྗོད་ཀྱི་ལོ་དེའི་ཐད་ཀྱི་རྣམ་ཐར་དུ།《དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་མེས་པོའི་ཤུལ་བཞག་དེབ་ཞེ་གསུམ་པའི་ཤོག་ངོས༢༢༧པར》ཀུན་སྤངས་དྲུང་ནི་ཁོང་རའི་དགོངས་བཞེད་དང་ཕྱག་གཡོག་ཕྱོགས་འཛིན་ཅན་རྣམས་ཀྱིས་བསྐུལ།པ་སྣམ་ཆུ་བཟང་བ་དང་བླ་མ་རྣམ་གཉིས་ཀྱི་བཀའ་བཀོད་ལ་ཡང་བརྟེན་སྐུ་ཁམས་སངས་ཏེ་གྲག་འགྲོ་བ་གཞིར་བཞག་པ་ལ་གྲག་པའི་ངོ་སོ་གཞན་ལ་མི་འཆོར་བའི་ཕྱིར་རང་དུ་ཕེབས་པར་གནང་ཞིང༌།ཀ་བཞི་ནས་ནི་མཆོད་ཡོན་ལྷན་དུ་ཆབ་ཚན་ལ་ཕེབས་པའི་རྩིས་ཀྱི་རིན་པོ་ཆེས་ཀྱང་པ་སྣམ་དུ་ཕེབས།སྔར་བྲོས་པ་ཡིན་ཡང་དེ་དུས་ཚུར་འཁོར།དེའི་ཐོག་ཞག་ཤས་ནས་སྡེ་པ་སྐུ་ཁམས་འཕྲལ་དུ་ལོག་པའི་ཇེ་ལོད་ཀྱི་ངང་ནས་མཐར་ཡང་ཞུད་ཁས་བསྡུས་གདའ།ངེད་ཚོ་ཨོ་རྒྱན་རྫོང་དུ་སླེབ་ནས་ཞག་པོ་དགུ་ཙམ་སོང་བ་ན།བསྔོ་རྟེན་གྱིས་སླེབ་བྱུང༌།ཞེས་གསུངས།
(2) རྗེ་བཙུན་ཏཱ་ར་ནཱ་ཐ་དགུང་ལོ་སོ་ལྔ་བ་ས་བྱ༡༦༠༩ལོའི་རྣམ་ཐར་ཀྱི་ཐད་དུ།《དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་མེས་པོའི་ཤུལ་བཞག་དེབ་ཞེ་གསུམ་པའི་ཤོག་ངོས༢༧༠པར》ཧོར་ཟླ་དང་པོའི་ཚེས་བཅུའི་ཉིན།དངོས་གཞིའི་དམ་པོའི་མཚམས་ཀྱི་སྒང་ཞིག་ལ།བསམ་རྩེ་ནས་ངེད་ལ་འབོད་མི་གྲོ་མོ་ཆེ་བ་བྱུང་འར་འུར་འདྲ་བྱེད་ཀྱིན་འདུགཁོང་ཡོང་དུས་སྡེ་པ་ཀར་བསྟན་དྲུང་སྙེལ་བ་རང་མེད་པ་འདུག་ནའང༌།ཁོང་པ་འདིར་དེ་རིང་སླེབ་རྒྱུའི་མདང་ནུབ་དེ་སྙེལ་ཡོད་པར་གདའ།ལྟས་ཀྱང་འཚུབ་པ་ནས་ཁོང་ལ་རེ་ཞིག་ཁས་མ་བླངས།ཡང་སྐུ་ལྟེམ་པ་ཡིན་ཟེར་ནས་མགྲོན་གཉེར་འཇམ་དབྱངས་སོགས་ཚེས་བཅུ་གསུམ་གྱི་ཉིན་མོ་སླེབ།སྔ་སོར་དབུས་དམག་རྟིང་མ་མཛད་པས་སྐུ་ཚེ་ལ་གནོད་ཅིང་སྔ་ཕྱིར་ལྟས་ཀྱང་ཤིན་ཏུ་ངན་པས་སྐུ་ཁམས་མཐར་ཐོན་མི་ཡོང་ངེས་སྙམ།མཚམས་འོག་ཏུ་ཁོང་ཚོ་ལ་ངག་འཕྲད་ཙམ་བྱས།ནམ་ཡོང་ངེས་ཅན་ནི་ཁས་མ་བླངས།བྱིན་རླབས་རྟེན་དང་དུད་རྫས་སོགས་བསྐུར།དེ་འབྱོར་པའི་ཉིན་མོ་སྐུ་ཁམས་བདེ་ཙམ་བྱུང་འདུག་ནའང་ཚེས་བཅུ་དྲུག་གི་ཉིན་མོ་སྐུ་མ་འཚོ།ཞེས་དང་།
(3) རྗེ་བཙུན་ཏཱ་ར་ནཱ་ཐ་དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་པའི་ལྕགས་ཁྱི༡༦༡༠ལོའི་ཐད་ཀྱི་རང་རྣམ་དུ།《དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་མེས་པོའི་ཤུལ་བཞག་དེབ་ཞེ་གསུམ་པའི་ཤོག་ངོས༢༨༦པར》 དེ་རྗེས་རྒྱང་ཙམ་སོང་བ་ན་བསམ་འགྲུབ་རྩེ་ནས་ནན་ཆགས་འབོད་མི་གནང་བའི་སྡེ་པ་མཐུ་སྟོབས་དྲུང་སྐུ་ལྟེམ་ནས་ཡུན་རིང་རབ་སོང་བ་ཕྱིར་ལོད་དུ་གྱུར་པ་ཞིག་འདུག་པས།སླར་སྐུ་འཚོ་མི་འཚོ་ཇི་ལྟར་བྱུང་ཡང་གལ་ཆེ་སྐབས་རང་དུ་འདུག་པས་ཡོང་དགོས་ཞེས་ཡབ་སྲས་གཉིས་ཅར་གྱིས་ནན་ཆགས་གནང་བྱུང་བས།ཧོར་ཟླ་བརྒྱད་པའི་ཚེས་བཅུ་ལ་ཇོ་ནང་ནས་བཏེག་སྲད་བཀོད་དུ་བསྡད་པའི་ནུབ་གནམ་གཤིས་འཚུབ་པ་སོགས་ཕྱི་ནང་གི་ལྟས་རྩུབ་པ་ཙམ་བྱུང༌།རྩེ་རུ་སླེབ་དུས་མཐུ་སྟོབས་དྲུང་སྐུ་ཤིན་ཏུ་ལྟེམ་པ་རང་འདུག དབང་རྗེས་གནང་སོགས་ཕུལ་བས།བར་སྐབས་ཞག་ཤས་ཤིག་ཐུགས་རིག་དྭངས་པ་ཙམ་བྱུང་ནའང༌།སྐུ་ཟུངས་ནི་ཉིན་རེ་བཞིན་བྲི་འགྲོ་བ་དེ་ཁར་གདའ།ཉེར་ལྔ་ནས་གཟུང་ལྷག་པར་ཡང་འབྱུང་བ་སྡུད་པའི་ཚུལ་འདུག་ཅིང༌།གནམ་གང་གི་ཐོར་འགོ་ལྟས་པ་ཙམ་ལ་སྐུ་མ་འཚོ་སོང༌།
ཞེས་གསུངས།
(4)《དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་མེས་པོའི་ཤུལ་བཞག་དེབ་ཞེ་བཞི་པའི་ཤོག་ངོས༩༥པར》 དེ་སྐབས་བར་ཆད་ཀྱི་དབང་དུ་མ་སོང་ན།དགུང་ལོ་བཞི་བཅུ་ཞེ་ལྔ་སྐོར་ཐུབ་པའི་མཚན་རྟགས་ཡོད་པ་ཡིན།དོན་ལ་དགྲ་བྱེད་པ་པོ་ཕ་རོལ་པོའི་བླ་མ་དང་སྡེ་དཔོན་གྲོས་སྟེང་ནས་ཐོར་པའི་བགས་ཚོ་ཡང་སྐུ་གཞོགས་བསྐྱལ་བར་འདུག།ཐོར་པ་རགས་རིམ་གདངས་མཚམས་སུ་དེའི་སྐད་ཆ་གོ་བ་དང༌།ཐོར་པས་མི་འགྲོངས་པར་འདུག་སྙམ་ནས།དུག་སྦྱོར་བྱུང་བ་ངེས་ཅན་དུ་འདུག།སྐུ་རྐྱང་ལ་མ་ཐོངས་པར་དེའི་སྐྱོགས་དེ་དཔོན་ས་རྒྱ་དགའ་དཔོན་གཡོག་ཚོ་ལ་ཡང་སོང་བར་འདུག།ཅེས་གསུངས།
(5)《གཡུ་ཕྲེང་།བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་སྒྲིག་རྩོམ་བྱས་ཤིང་།བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེབ་བར་ཆ་ཤོག་ངོས༥༤༥》《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དག་བཅོས་མ་ཤོག་ངོས༣༧༣》 བསྟན་སྲུང་དབང་པོའི་སྲས་ཀརྨ་ཕུན་ཚོགས་རྣམ་རྒྱལ་དགུང་ལོ་བཅུ་བཞིར་སོན་པ་རབ་བྱུང་བཅུ་པའི་ལྕགས་ཕག(སྤྱི་ལོ་༡༦༡༡)ལ་གཙང་པ་སྡེ་བའི་སྲིད་དབང་གི་འགན་བཞེས།
(6)《གཡུ་ཕྲེང་།བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་སྒྲིག་རྩོམ་བྱས་ཤིང་།བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེབ་བར་ཆ་ཤོག་ངོས༥༤༩》(སྤྱི་ལོ༡༦༢༠ལྕགས་སྤྲེལ) ལོར་ཟླ་བ་བཅུ་པ་ནང་ཙམ་དུ་ཟངས་ཡུལ་མོན་གདོང་སྒར་ཐོག་ཏུ་འབྲུམ་པས་སྐུ་གཤེགས་ཀྱང་དུས་ཟིང་སྟབས་བློན་ཆེན་རྣམས་ཀྱིས་རེ་ཞིག་གསང་སྟེ་སླར་གཙང་ལ་ལོག་ཕེབས་རྒྱུའི་ཁུལ་བྱས།སླར་བྱ་ལོར་གསང་བརྟོལ་སྲས་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོ་ཁྲིར་མངའ་གསོལ།འདི་པ་དགུང་ལོ་བཅུ་བདུན་ཙམ་ཡིན་ཀྱང་དཔའ་མཛངས་བློ་གྲོས་དང་ལྡན་པའི་བློན་ཆེན་སྒང་ཟུག་གཉིས་དང།མགྲོན་གཉེར་བོང(བོད)གོང་བ་སོགས་དྲུང་འཁོར་ཆེ་ཧྲག་མང་ཞིང་།རླུང་རྟ་ཡར་འགྲོར་སོང་བས་ནང་ཚགས་བློ་གྲོས་མཉམ་ཞིང་གྲ་འགྲིག་པས་ཆབ་སྲིད་ཇེ་འཕེལ་ཡ་ཡོར་མ་གྱུར་ཏོ།།
(7)《དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་མེས་པོའི་ཤུལ་བཞག་དེབ་ཞེ་གསུམ་པའི་ཤོག་ངོས༡༡༢པར》བསམ་འགྲུབ་རྩེ་ནས་འབོད་མི་བྱུང་བ་བཞིན་ཚེས་བརྒྱད་ཀྱི་ཉིན་བསམ་རྩེར་སླེབ་པའི་གཟིམས་ཁང་བདེ་བ་ཅན་གྱི་ལོགས་བྲིས་ལ་རབ་གནས་ཀྱི་སྟ་གོན་ཚུགས་པར་བྱས།དེའི་སང་གཟའ་སྐར་བཟང་བ་ལ་རབ་གནས་ཀྱི་དངོས་གཞི་བྱས་པས་ལོགས་བྲིས་ཀྱི་ལྷ་འགའ་རེས་མེ་ཏོག་མང་དུ་བཞེས་པ་བྱུང༌།མེ་ཏོག་བྱིངས་རྣམས་དེ་འཕྲལ་དྲུང་འཁོར་རྣམས་ཀྱིས་བྱིན་རླབས་རྟེན་ལ་ཁྱེར།གསུམ་བཞི་ཞིག་ཞག་མང་རབ་བསྡད་པར་གདའ།སྡེ་པ་རྒྱལ་བུའི་དྲུང་གིས་དེ་གོང་མཇལ་མ་མྱོང་བས་དེའི་ཉིན་མཇལ།ཞེས་གསུངས།