སྒྲིག་གཞི་ཁག་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ།
2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། ལོ་ལྔ་ཚན་འཆར་གཞི་བཅུ་བཞིའི་འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྒྱུར་བཅོས་གསར་གཏོད་དང་། རྨང་རྩ་གཉིས་བརྟན། ཁྱོན་ཡོངས་ནས་མཐོར་གཏོང་བཅས་ཀྱི་གལ་ཆེའི་ལོ་ཞིག་ཀྱང་ཡིན། ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འཛུགས་གཏོད་བཞི་དང་མདུན་གྲལ་དུ་སྐྱོད་པ་བཞིའི་བླང་བྱར་དམ་པོར་དམིགས་ནས། དམིགས་རྟེན་ལྔ་དང་བདེ་ཐང་ནག་ཆུ་འཛུགས་སྐྲུན་གྱི་བླང་བྱར་དམིགས་ཏེ་ཞན་ཆ་གསབ་པ་དང་། སྟོབས་ཆེར་གཏོང་རྒྱུའི་ཐད་ཤུགས་སྣོན་བརྒྱབ་ནས། ནག་ཆུའི་རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་འཚོ་བར་བཅངས་པའི་འདུན་པ་རྒྱུན་ཆད་མེད་པར་བསྐངས་ཏེ། གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་དང་ཆུ་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་གོང་འཕེལ་མགྱོགས་པོ་གཏོང་ཆེད།རང་གྲོང་ཁྱེར་གྱི་དོན་དངོས་དང་མཐུན་པའི་དམིགས་རྟེན་ལྔའི་ཆེད་དོན་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་པ་དང་། རྫོང་ཁོངས་ཕྱོགས་བསྡུས་སྨན་བཅོས་བསྒྱུར་བཅོས་དམ་ཟབ་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། མིག་སྔའི་བར་རྫོང་ཆུས་10ལ་གཅིག་གྱུར་དྲུག་དང་། ལམ་སྲོལ་ཁག་བཅུ་གཉིས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་གཞི་གཅིག་ཅན་དང་ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་རྒྱུ་དེ་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་འཕྲོད་བསྟེན་མ་ལག་དང་མཐུད་སྦྱོར་གྱིས་རྫོང་ཆུས་ཁག་གི་རྫོང་རིམ་པའི་སྨན་ཁང་ནང་ངོས་སྒྲིག་གཞིའི་ཁོངས་གཏོགས་དང་ཤང་གྲོང་གི་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་གྱི་ལས་སྟེགས་སྦྲེལ་མཐུད་ལས་དོན་ཧུར་ཐག་སྤེལ་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ཧུང་ཡུས་ཀྱིས། 2024ལོར་གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཆ་འཕྲིན་ཅན་ལས་དོན་གྱིས་དམིགས་རྟེན་བཀོད་སྒྲིག་གི་བླང་བྱ་ཁག་5ལ་དམ་པོར་དམིགས་ནས། གྲོང་ཁྱེར་ཡོངས་ཀྱི་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ལས་སྟེགས་རིམ་སྤོར་བྱས་ཤིང་། མིག་སྔའི་བར་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྒྲིག་གཞི་ཁྱོན་140རང་སྐྱོང་ལྗོངས་རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་ལས་སྟེགས་དང་སྦྲེལ་མཐུད་ཐུབ་པ་དང་། ང་ཚོས་ཀྲེ་ཅང་སློབ་ཆེན་གྱི་སྨན་ཁང་གཉིས་པ་ནང་འདྲེན་བྱས་ནས། ཀྲེ་ཅང་སློབ་ཆེན་སྨན་ཁང་གཉིས་པས་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་སྣེ་ཁྲིད་དེ་སྨན་བཅོས་ཞབས་ཞུའི་མཉམ་ལས་དྲ་བའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ཐོག་ནག་ཆུ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་རྒྱལ་ཡོངས་ཀྱི་ཆེས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད་ལ། ང་ཚོས་འབྲི་རུ་རྫོང་མི་དམངས་སྨན་ཁང་དང་གསེར་རྙེད་ཆུས་མི་དམངས་སྨན་ཁང་གི་རིག་ནུས་སྨན་ཁང་འཛུགས་སྐྲུན་བྱས་ཏེ། ནག་ཆུ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་མི་བཟོས་རིག་ནུས་སྤྱོད་རྒྱུ་འཚོལ་ཞིབ་བྱས་པ་ཡིན་ཞེས་བརྗོད།
2024ལོར་ནག་ཆུ་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་གསར་སྐྲུན་དང་མཐུད་སྐྲུན་རྣམ་གྲངས་7ཡོད་པའི་ནང་། གྲོང་ཁྱེར་མི་དམངས་སྨན་ཁང་གི་དུས་ཁག་དང་པོའི་རྣམ་གྲངས་ཞིབ་བཤེར་ལེགས་གྲུབ་ཟིན་ནས། སྒོ་བསྟེན་སྨན་ཁང་གསར་པ་བཀོལ་སྤྱོད་བྱས་ཏེ་སྨན་བཅོས་བྱས་པའི་ནད་པའི་གྲངས་འབོར་དེ་སྔོན་ལས་20%མང་དུ་ཕྱིན་པ་དང་། དུས་ཁག་གཉིས་པའི་བསྐྱར་སྐྲུན་དང་རྒྱས་སྐྲུན་རྣམ་གྲངས་ནི་རང་སྐྱོང་ལྗོངས་ཀྱི་གཙོ་གནད་བཀོད་གཏོང་རྣམ་གྲངས་ཡིན་ཞིང་། རྣམ་གྲངས་དེའི་སྤྱིའི་ལས་གྲྭའི་རྒྱ་ཁྱོན་88%ལེགས་གྲུབ་ཟིན་ཡོད་ལ། མ་དངུལ་སྒོར་ཁྲི་7272བཏང་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་བསོད་ནམས་ཕུན་ཚོགས་ཀྱིས།
ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་བསྐྱར་སྐྲུན་དང་རྒྱས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.5བཏང་བ་དེ་དུས་ཁག་དང་པོ་དང་གཉིས་པར་ཁག་གཉིས་སུ་དབྱེ་བ་དང་། དེའི་ནང་དུས་ཁག་དང་པོར་མ་དངུལ་སྒོར་དུང་ཕྱུར་2.25བཏང་སྟེ། མིག་སྔར་རྣམ་གྲངས་ལེགས་གྲུབ་ཟིན་ཏེ་བེད་སྤྱོད་གཏོང་འགོ་ཚུགས་པ་མ་ཟད། བཀོད་སྒྲིག་ལུགས་དང་མཐུན་པ་དང་། ནུས་པ་དང་སྒྲིག་ཆས་ཆ་ཚང་བ་བཅས་ཀྱི་ཁྱད་ཆོས་མངོན་འགྱུར་བྱུང་ཡོད། རྣམ་གྲངས་ཧྲིལ་པོ་བེད་སྤྱོད་བཏང་རྗེས་གཅིག་ནས་ཞབས་ཞུའི་བརྒྱུད་རིམ་སྔར་བས་ལེགས་སུ་ཕྱིན་ཡོད་པས། ཁྱབ་ཁོངས་གཅིག་ནང་མི་ཐབས་ལ་བརྟེན་ནས་ཨང་ཐོ་འགོད་པ། རང་འགུལ་ཨང་ཐོ་འགོད་པ། ནད་གཞི་བརྟག་དཔྱད་བྱེད་པ། སྨན་ལེན་པ་སོགས་ཀྱི་ཞབས་ཞུ་མངོན་འགྱུར་ཐུབ་ཡོད། གཉིས་ནས་སྨན་བཅོས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ། གསུམ་ནས་ཆེད་ལས་སྨན་བཅོས་ཆེད་ཚན་ཁག་སྔར་བས་འཐུས་ཚང་དུ་ཕྱིན་ནས། ཕྱི་ནད་དང་། ཁོག་ནད། བུད་མེད་དང་བྱིས་པའི་ཚན་ཁག་སོགས་ཚན་ཁག་13སྒོ་དབྱེ་བ་དང་ཆབས་ཅིག་ན་ཟུག་ཆུང་བའི་ཕོ་ཤེལ་རྒྱུ་ཤེལ་དང་། མི་ཐབས་ལ་བརྟེན་ནས་སོ་འདེབས་པ། པགས་ནད་ཚན་ཁག་སོགས་ཀྱི་ཚན་ཁག་གཞན་དག་མང་པོ་སྒོ་དབྱེ་ཡོད་ཅེས་བརྗོད་ཡོད།
དམངས་ཡོངས་ཀྱི་གཟུགས་གཞི་བདེ་ཐང་བརྟག་དཔྱད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ནི་རང་གྲོང་ཁྱེར་གྱིས་བདེ་ཐང་ནག་ཆུ་ལག་བསྟར་གཏིང་ཟབ་བྱེད་པའི་དམངས་ཕན་སྨན་བཅོས་སྲིད་ཇུས་ཀྱི་བྱ་ཐབས་ཤིག་ཡིན་ལ། དམངས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བའི་དམངས་འཚོའི་རྣམ་གྲངས་ཀྱི་གྲས་ཤིག་ཀྱང་ཡིན། 2024ལོར་རང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི་29.65ལ་གཟུགས་པོར་བརྟག་དཔྱད་བྱས་པ་དང་། གཟུགས་པོར་བརྟག་དཔྱད་བྱེད་ཚད་68.25%ཟིན་པ། གཙོ་གནད་མི་ཚོགས་ཁྲི་8.6ལ་གཟུགས་པོ་བརྟག་དཔྱད་བྱས་པ་དང་། གཟུགས་པོ་བརྟག་དཔྱད་བྱེད་ཚད་86.56%ཟིན་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་ཀྱིས། 2024ལོར་རང་ཨུད་ཀྱིས་ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཟུགས་པོ་བརྟག་དཔྱད་བྱ་འགུལ་གྱི་ཇུས་གཞི་བཟོས་ནས། གཟུགས་པོ་བརྟག་དཔྱད་ཀྱི་ཚད་གཞི་ལོ་ལྟར་མི་རེར་སྒོར་100བར་མཐོ་རུ་བཏང་བ་དང་། དེའི་ནང་ལོ་65ཡན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་དེ་བཞིན་སྒྲིག་ཁོངས་ནང་ཚུད་པའི་གྲྭ་བཙུན་གྱི་གཟུགས་པོ་བརྟག་དཔྱད་ཀྱི་ཚད་གཞི་ལོ་ལྟར་མི་རེར་སྒོར་136བར་མཐོ་རུ་བཏང་ཡོད། ང་ཚོས་བདེ་ཐང་གི་ནག་ཆུ་ཞེས་པའི་འཁོར་ཐོག་སྐོར་སྐྱོད་སྨན་ཁང་གི་ནུས་པ་གང་ལེགས་སྤྱད་དེ། གཟུགས་པོ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས། དུས་མཚམས་དང་གཙོ་གནད་དབྱེ་སྟེ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཚད་ལྡན་ཅན་གྱི་གཟུགས་པོ་བརྟག་དཔྱད་བྱས་པ་དང་། ཐག་རིང་ལུང་ཁུག་གི་གྲོང་གསེབ་ཡུལ་མི་དང་། སློབ་གྲྭར་ཡོད་པའི་སློབ་མ། འགྲོ་སྐྱོད་མི་བདེ་བའི་མི་ཚོགས་སོགས་དམིགས་བསལ་མི་ཚོགས་ལ་སྒོ་ཁར་བསྐྱོད་དེ་གཟུགས་པོ་བརྟག་དཔྱད་ཀྱི་ཞབས་འདེགས་ཞུས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཟུགས་པོ་བརྟག་དཔྱད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཐོག་གཟུགས་པོ་བདེ་ཐང་ལ་གནོད་པའི་མང་ཚོགས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བྱས་ཤིང་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་འགན་ལེན་ཏན་ཏིག་བྱས་ཡོད་ཅེས་བརྗོད།
2024ལོར་རང་གྲོང་ཁྱེར་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱིས་གསོ་རིག་དང་། སློབ་ཁྲིད། ཞིབ་འཇུག ཐོན་ལས་བཅས་ཐུན་མོང་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ། སྨན་བཅོས་དང་། བདེ་སྲུང་། ཚན་ཞིབ། སློབ་གསོ། ཐོན་ལས། རིག་གནས་བཅས་ཁག་དྲུག་གཞི་གཅིག་གི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ལ་སྐུལ་འདེད་བཏང་ཐོག་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྐང་འཛིན་ཤེས་ལྡན་པ་གསོ་སྦྱོང་ལ་བོད་ལུཊ་གསོ་རིག་དང་། བོད་སྨན་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་1603.86བཏང་ཡོད་པ་རེད། གྲོང་ཁྱེར་དང་རྫོང་ཆུས་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་ཐོན་ལས་མནའ་འབྲེལ་བཙུགས་ནས། གྲོང་ཁྱེར་སྨན་རྩིས་ཁང་དང་རྫོང་ཆུས་ཁག་གི་སྨན་རྩིས་ཁང་དབར་སྨན་སྦྱོར་དང་། སྨན་རྫས་སྦྱོར་སྡེབ་དང་དེ་བཞིན་སྨན་སྦྱོར་མངག་བཅོལ་ལས་འགན་གྱི་གྲོས་མཐུན་བཞག་ཡོད། འདི་ལོ་ནས་བཟུང་བོད་སྨན་སྤྱི་རྒྱ་12722.93ཐོན་སྐྱེད་བྱས་པ་དང་། ཐོན་རྫས་རིན་ཐང་སྒོར་ཁྲི་1142.25ཟིན་ནས་ལོ་ཧྲིལ་པོར་སྒོར་ཁྲི་700ཡི་འཆར་གཞི་ཚད་བརྒལ་ངང་ལེགས་སྒྲུབ་ཟིན་པ་དང་། ལས་གནས་སྦྱོང་བརྡར་ཆེན་མོ་དང་། བོད་སྨན་རྐང་འཛིན་གསོ་སྦྱོང་། སྨན་རྩིས་ཁང་ནད་སྡོད་སྨན་པ་དཀའ་བཅུ་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་བོད་ལུགས་སྨན་པ་150ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད།
ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་ཀྱིས། བོད་ལུགས་གསོ་རིགས་བྱ་གཞག་གོང་འཕེལ་དང་གསར་གཏོད་བྱ་ཆེད་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ནས། བོད་ལུགས་གསོ་རིག་གི་ལག་རྩལ་མི་སྣ་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོང་ཁྱེར་སྨན་རྩིས་ཁང་གིས་སྣེ་འདྲེན་བྱེད་པ་དང་། རྫོང་དང་ཆུས་སྨན་རྩིས་ཁང་གིས་གཙོ་བོར་བྱེད་པ། ཤང་གྲོང་དང་གྲོང་ཚོ་ཨུ་ལྷན་གྱིས་སྨན་བཅོས་དྲ་རྒྱ་སྒྲུབ་པ་བཅས་ཀྱི་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་བཙུགས་ནས་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མངོན་གསལ་དོད་པོས་མཐོ་རུ་བཏང་བ་དང་། ས་གནས་ཁག་གི་བོད་ལུགས་གསོ་རིག་ལས་ཁུངས་ཀྱི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྨན་ཁང་དུ་ཆེད་བཅོས་ཚན་ཁག་ཡོད་པ་དང་། ཚན་ཁག་ལ་ཆེད་བཅོས་ནད་ཡོད་པ། ནད་ལ་ཆེད་མངག་སྨན་རྫས་ཡོད་པ་བཅས་བྱས་ཐོག་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་རྫས་ལས་སྣོན་ལྟེ་གནས་ཀྱིས་སྣེ་འདྲེན་བྱེད་པ་དང་། དབུས་རྒྱུད་ལྷ་རི་རྫོང་དང་། ཤར་རྒྱུད་སོག་རྫོང་། ནུབ་རྒྱུད་ཤན་རྩ་རྫོང་བཅས་ས་ཁོངས་གསུམ་གྱི་བོད་ལུགས་གསོ་རིག་ཐོན་ལས་ཀྱི་འབྲེལ་ཐག་གཙོ་བོ་བཙུགས་ཏེ། བོད་ལུགས་གསོ་རིག་ཐོན་ལས་སྟོབས་ཆེར་དང་ལེགས་སུ་བཏང་ཐོག་རྒྱལ་ཁབ་རིམ་པ་དང་། གྲོང་ཁྱེར་རིམ་པ། རྫོང་རིམ་པ་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རེ་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས། རང་གྲོང་ཁྱེར་གྱི་བོད་ལུགས་གསོ་རིག་དེ་ལྗོངས་ཡོངས་དང་རྒྱལ་ཡོངས་སུ་ཁྱབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད།
འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་མ་འོངས་ཡོངས་སུ་རེ་བས་ཁེངས་ཤིང་། ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དུས་བབ་གསར་པ་དང་། འགྲན་སློང་གསར་པ། བླང་བྱ་གསར་པ་བཅས་དང་རྒྱུན་ཆད་མེད་པར་འཚམ་པར་བྱས་ཤིང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་དང་། མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་བྱེད་པ་དང་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམིགས་ཏེ་ཞབས་ཞུའི་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཐོག་ནས་སྔར་རྒྱུན་བཞིན་རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་སྟེ་མི་དམངས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་འགན་ལེན་བྱེད་པ་དང་། དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་དག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
记 者:边巴占堆
编 辑(一审):才仁拉珠
责 编(二审):秦 瑶
审 核(三审):戴 青 霞