ཞང་ཞུང་རིག་གནས་ཞིབ་འཇུག་ལྷན་ཚོགས་ཀྱི་ལོ་ཚོགས་ནག་ཆུ་གྲོང་ཁྱེར་དུ་འཚོགས་པ།
ཉེ་ཆར་ཞང་ཞུང་རིག་གནས་ཞིབ་འཇུག་ལྷན་ཚོགས་ཀྱི་2024ལོའི་ལོ་ཚོགས་དང་བཞུགས་མོལ་ཚོགས་འདུ་ནག་ཆུ་གྲོང་ཁྱེར་དུ་འཚོགས་པ་རེད།
ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་སྒྲིག་ཡིག་ལ་བརྡས་ཐག་བཅད་ནས་གྲོས་ཞིབ་བྱས་པ་དང་། སྐབས་དང་པོའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱུང་བ་མ་ཟད་སྐྱེ་ཁུངས་ནག་ཆུ་ནས་ཡིན་པའི་གྲགས་ཅན་མཁས་དབང་དང་དེ་སྔའི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་པོར་བདམས་པ། ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་ལས་དོན་སྙན་ཞུར་ཐུན་མོང་ཐོག་ཞིབ་འཇུག་གྲོས་བསྡུར་གནང་བ། མཐུན་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བཅས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་ཚོགས་པ་དེ་འཛུགས་རྒྱུའི་ཆོག་མཆན་ཐོབ་རྗེས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤྱི་ཚོགས་ཚོགས་པའི་ལས་དོན་སྤེལ་བ་དང་ནག་ཆུའི་དོན་དངོས་ལ་གཞི་ཚུགས་ཆེད། ནག་ཆུ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་མཛུབ་ཁྲིད་རོགས་རམ་འོག་དང་ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་སྒོའི་མཛུབ་ཁྲིད་དང་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་རྒྱབ་སྐྱོར་ཤུགས་ཆེན་འོག་ཞིབ་འཇུག་ཚོགས་པའི་གྲ་སྒྲིག་ཚོགས་ཆུང་གིས་ལམ་ལུགས་ཁག་འཐུས་ཚང་ཧུར་ཐག་བཏང་ནས་ལས་འཛིན་པ་དང་ཚོགས་མིའི་དོ་དམ་ལམ་ལུགས་ཀྱི་འཆར་ཟིན་བཀོད་པ་དང་རིགས་གཅིག་མཁས་ཅན་དང་ཞིབ་འཇུག་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་སློབ་ཆེན་དང་མཉམ་འབྲེལ་ཐོག་ཁྲེང་ཏུར"དབང་ལྡན་ཞུ་ཚང་གི་རྩོམ་བསྡུས་རིགས་གཅིག་མཁས་ཅན་གྱི་རིགས་གཞུང་ཞིབ་བསྡུར་ཚོགས་འདུ"འཚོགས་ཏེ་ནག་ཆུའི་ནུབ་རྒྱུད་ཀྱི་རྫོང་གསུམ་དུ་ཞང་ཞུང་རིག་གནས་ལོ་རྒྱུས་རྗེས་ཤུལ་དཔྱད་གཞིར་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ཞིབ་འཇུག་གི་ཆེད་དོན་རེ་ཞུའི་ལས་དོན་ཧུར་ཐག་སྤེལ་ཐོག་ནག་ཆུའི་ཞང་ཞུང་གི་རིག་གནས་ལོ་རྒྱུས་རྗེས་ཤུལ་ལ་བརྟག་ཞིབ་དང་ནག་ཆུ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་གཞིའི་མཛོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྤེལ་རྒྱུའི་གཏན་འཁེལ་བྱས་པ་རེད།
ཞང་ཞུང་རིག་གནས་ནི་མཚོ་བོད་ས་མཐོ་ནས་ད་བར་འཕེལ་རྒྱས་བཏང་བའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་ལ། མཛེས་སྡུག་རྣམ་པར་བཀྲ་བའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཞིག་ཀྱང་ཡིན། ལོ་ངོ་སྟོང་རིང་གི་འཕོ་འགྱུར་དང་འཕེལ་རྒྱས་བརྒྱུད་ད་ཆ་ནག་ཆུ་གྲོང་ཁྱེར་དེ་ཉིད་ཞང་ཞུང་གི་རིག་གནས་རྒྱུན་འཛིན་ཕུན་སུམ་ཚོགས་ཤོས་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད། ནག་ཆུ་གྲོང་ཁྱེར་ཞང་ཞུང་རིག་གནས་ཞིབ་འཇུག་ཚོགས་པ་2022ལོར་དངོས་སུ་ཆོག་མཆན་ཐོབ་ཏེ་བཙུགས་པ་ནས་བཟུང་ཞང་ཞུང་རིག་གནས་སྔོག་འདོན་དང་། འཚོལ་བསྡུ། སྲུང་སྐྱོང་བཅས་བྱ་རྒྱུར་འབད་ནས་རྨང་གཞིའི་ཚན་ཞིབ་ལས་དོན་ཧུར་ཐག་སྤེལ་ཡོད་པ་རེད།
གོམ་སྟབས་རྗེས་མར་ཞིབ་འཇུག་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཚན་གྱི་མཛུབ་ཁྲིད་དང་རོགས་རམ་ཞིབ་ཚགས་འོག་ནག་ཆུ་གྲོང་ཁྱེར་གྱི་ཞང་ཞུང་རིག་གནས་སྔོག་འདོན་དང་། སྲུང་སྐྱོང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་མ་ཟད། དེ་བས་སྒོ་དབྱེའི་རྣམ་འགྱུར་དང་། དེ་བས་ཡངས་པའི་མཐོང་རྒྱ་དང་བློ་རྒྱ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཞིབ་འཇུག་ལྷན་ཚོགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
记 者:仓果
编 辑(一审):才仁拉珠
责 编(二审):秦 瑶
审 核(三审):戴 青 霞