གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བྱང་ཐང་བྱང་རྒྱུད་གཉན་རོང་ཡུག་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་བཞིན་པའི་བརྗིད་ཆགས་རྣམ་པ་ཞིག་མངོན་བཞིན་འདུག
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བྱང་ཐང་བྱང་རྒྱུད་གཉན་རོང་ཡུག་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་བཞིན་པའི་བརྗིད་ཆགས་རྣམ་པ་ཞིག་རིམ་བཞིན་མངོན་བཞིན་ཡོད། འདི་ག་ནི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་ཡིན་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་ལས་དོན་གྱི་འཐབ་ས་མདུན་མ་དེ་བས་ཀྱང་རེད། ད་བར་ཁུལ་ཁོངས་དེར་རྒྱལ་ཁབ་ཀྱི་གཙོ་གནད་རི་སྐྱེས་སྲོག་ཆགས་རིགས་25དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་རིགས་5ཡོད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་ཚུན་གཉན་རོང་ཡུག་ཁུལ་གྱིས་ཁུལ་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་དོ་དམ་ལས་དོན་ལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལ་ལྟ་ཞིབ་ཚད་ལེན་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་ཚན་རིག་དང་མཐུན་པའི་སྲུང་སྐྱོང་བྱས་པ་བརྒྱུད། རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་རྩ་ཆེའི་རི་སྐྱེས་སྲོག་ཆགས་གང་སར་མཐོང་རྒྱུ་ཡོད། དེའི་ནང་དམར་ཕྱིའི་པར་ཆས་ནས་གསའ་ཡི་རྩ་ཆེའི་པར་395ཐེབས་པ་དང་གསའ་19ལས་མི་ཉུང་བ་ཡོད་པའི་ངོས་འཛིན་ཐུབ་ཡོད། རང་བྱུང་དང་ཉེ་བཅར་གྱི་ཉམས་གསོའི་བྱེད་ཐབས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འབྱུང་རྩའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་མ་དངུལ་སྒོར་ཁྲི་9190.82དོན་འཁྱོལ་བྱས་ཏེ་ཞན་འགྱུར་རྩྭ་ཐང་སླར་གསོ་བཅོས་སྐྱོང་དང་། བྱེ་འགྱུར་ས་ཆ་བཅོས་སྐྱོང་། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོང་། ཆུ་རྩ་གསོ་ཁུལ་སོགས་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་འདུ་འགོད་གཙོ་གནད་ལག་ལེན་བསྟར་ཡོད། མིག་སྔའི་བར་ཞན་འགྱུར་རྩྭ་ཐང་མུའུ་27613.5སླར་གསོ་དང་། བྱེ་འགྱུར་ས་ཆ་མུའུ་6000བཅོས་སྐྱོང་། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་མུའུ་900སྲུང་སྐྱོང་བཅས་བྱས་ཡོད།
དེ་དང་ཆབས་ཅིག གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བྱང་ཐང་བྱང་རྒྱུད་གཉན་རོང་ཡུག་ཁུལ་གྱིས་སྐྱེ་ཁམས་བདག་སྐྱོང་ལས་གནས་ཀྱི“དུད་ཚང་རེར་ལས་གནས་རེའི”ལམ་ལུགས་ཁྱབ་གདལ་ཧུར་ཐག་བཏང་སྟེ། རིམ་རྩིས་བརྒྱབ་ན་སྐྱེ་ཁམས་བདག་སྐྱོང་བ་མི་ཐེངས་3487བསྡུས་པར་སྐྱེ་ཁམས་བདག་སྐྱོང་མ་དངུལ་སྒོར་ཁྲི་2790.6སྤྲད་ཡོད།
“གཉན་རོང་རྫོང་རྒྱལ་ཁབ་སྤྱི་གླིང་གི་ཆེད་སྒྲུབ་ཚོགས་ཆུང་གིས་ད་དུང་དུས་བཀག་ལྟར་སྐྱེ་ཁམས་བདག་སྐྱོང་བ་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་བྱེད་ཀྱི་ཡོད། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་འོག་འབྲོག་པ་མང་པོ་ཞིག་རྩྭ་ཐང་སྤྱོད་མཁན་ནས་རིམ་བཞིན་སྐྱེ་ཁམས་བདག་སྐྱོང་བར་གྱུར་ཏེ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བྱང་ཐང་གླིང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཁྲོད་ཀྱི་སྟོབས་ཤུགས་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད”ཅེས་གཉན་རོང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་ལས་དོན་པས་བཤད།
记 者:仓果
编 辑(一审):才仁拉珠
责 编(二审):秦 瑶
审 核(三审):戴 青 霞