欢迎提供新闻线索:lztvxwb@qq.com
སྤྱི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་09དང་སྐར་མ་05སྐར་ཆ་16གི་ཐོག བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་7ཉིན་གྱི་ཆུ་ཚོད་12དང་སྐར་མ་30བར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་ཁྲོད་མི་53རྐྱེན་ལམ་དུ་ཤོར་བ་དང་། མི་62ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པ། ཁང་པ་སྟོང་ཕྲག་ལ་གནོད་སྐྱོན་ཕོག་ཡོད་པ་རེད། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་རིམ་པ་གཉིས་པའི་འཕྲལ་སྒྲུབ་ལན་ཆ་བྱེད་འགོ་བཙུགས་ཡོད།
以下视频来源于
央视新闻
རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་ལས་དོན་ཚོགས་ཆུང་ས་ཡོམ་ཁུལ་དུ་མངགས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་གཞུང་ལས་ཁང་དང་འཕྲལ་སྒྲུབ་དོ་དམ་པུའུ་ཡིས་ས་ཡོམ་གྱི་རིམ་པ་གསུམ་པའི་འཕྲལ་སྒྲུབ་ལན་ཆ་བྱེད་འགོ་བཙུགས་ཤིང་། ལས་དོན་ཚོགས་ཆུང་ས་ཡོམ་ཁུལ་དུ་མངགས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱེད་བཞིན་ཡོད་པ་རེད། ས་གནས་དེ་གའི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་མི་1500ལྷག་ཙམ་ས་ཡོམ་རྒྱག་ས་ལྟེ་བའི་ཉེ་འགྲམ་དུ་བརྟག་དཔྱད་དང་འཚོལ་སྐྱོབ་བྱེད་པར་མངགས་ཡོད།སྡེ་ཁག་གསུམ་གྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་2.2ཛ་དྲག་ངང་གཏོང་སྤྲོད་བྱས་པ། རྒྱལ་ཁབ་གནོད་འགོག་གེགས་སེལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་འཕྲལ་སྒྲུབ་དོ་དམ་པུས་གནོད་འཚེའི་ཤུགས་རྐྱེན་དང་ས་གནས་ཀྱི་གེགས་སེལ་ལས་དོན་གྱི་དགོས་མཁོར་གཞིགས་ནས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྒྲུབ་ལན་ཆ་བྱེད་འགོ་བཙུགས་ཏེ་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་གནོད་འཚེ་ཕོག་ཁུལ་དུ་གུར་དང་། གྱོན་གོས། མལ་ཆས། ཉལ་ཁྲི་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་2.2དང་དེ་བཞིན་གྲང་ངར་ཆེ་ལ་ས་བབ་མཐོ་བའི་ས་ཁུལ་གྱི་དམིགས་བསལ་གེགས་སྐྱོབ་དངོས་ཟོག་ཛ་དྲག་ངང་བཀོད་གཏོང་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གེགས་སེལ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད།བོད་ལྗོངས་དམག་ཁུལ་ཁང་གིས་སྔོན་སྐྱོད་བཀོད་འདོམས་ཚོ་ཆུང་ས་ཡོམ་རྒྱག་ཁུལ་གྱི་ས་ཡུལ་དངོས་ལ་མངགས་པ། བོད་ལྗོངས་དམག་ཁུལ་ཁང་གིས་འཕྲལ་མར་འཕྲལ་སྒྲུབ་སྔོན་ཇུས་ལག་བསྟར་བྱས་ཏེ་སྔོན་སྐྱོད་བཀོད་འདོམས་ཚོ་ཆུང་ས་ཡོམ་རྒྱག་ཁུལ་གྱི་ས་ཡུལ་དངོས་ལ་མངགས་པ་མ་ཟད། སྔོན་སྐྱོད་ཚོ་ཆུང་དིང་རི་གྲམ་སོ་ཤང་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་མངགས་ཡོད་པ་དང་ཁག་དང་པོའི་དཔུང་སྡེའི་དཔོན་དམག་200ཡིས་དིང་རི་རྫོང་གྲམ་སོ་ཤང་དུ་རོགས་སྐྱོབ་བྱེད་བཞིན་ཡོད་པ་དང་། ཐད་འཕུར་གནམ་གྲུ་གཉིས་བཏང་ནས་བར་སྣང་ནས་གནས་ཚུལ་ཤེས་རྟོགས་བྱེད་བཞིན་ཡོད་པ་རེད། མིག་སྔར་ཁག་གཉིས་པའི་རོགས་སྐྱོབ་མི་གྲངས་1500ལྷག་ཙམ་དང་ཐད་འཕུར་གནམ་གྲུ་6གྲ་སྒྲིག་ཨང་གསར་བྱས་ཡོད། ནུབ་རྒྱུད་འཐབ་ཁུལ་མཁའ་དམག་གིས་མི་མེད་གནམ་གྲུ་1ས་ཡོམ་རྒྱག་ཁུལ་ལྟེ་བའི་ཁུལ་གྱི་གནོད་འཚེ་ཕོག་ཁུལ་དུ་རྩད་ཞིབ་བྱེད་པར་བཏང་བ་དང་ཆབས་ཅིག་སྐྱེལ་འདྲེན་གནམ་གྲུ་དང་། སྨན་བཅོས་གནམ་གྲུ། ཐད་འཕུར་གནམ་གྲུ་བཅས་དང་། ས་ངོས་དམག་ཤུགས་གྲ་སྒྲིག་ཨང་གསར་བྱས་ནས་རོགས་སྐྱོབ་བྱེད་པར་འགྲོ་རྒྱུའི་བཀའ་སྒུག་ནས་བསྡད་ཡོད་པ་རེད།དྲག་ཆས་ཉེན་རྟོག་གཞིས་རྩེ་དིང་རི་རྫོང་དུ་ཛ་དྲག་ངང་མངགས་ནས་རོགས་སྐྱོབ་ལས་དོན་སྤེལ་བཞིན་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེའི་ཉིང་ལག་རུ་ཁག་དིང་རི་རུ་འབྲིང་གི་དྲག་ཆས་ཉེན་རྟོག་དཔོན་དམག་དིང་རི་རྫོང་གྲམ་སོ་ཤང་དུ་འབྱོར་ནས་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད།来 源:央视广播电视总台藏语
编 辑(初审):尼玛普赤
复 审:顿珠、巴洛
终 审:欧 珠