欢迎提供新闻线索:lztvxwb@qq.com
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཕྲལ་མར་ལས་དོན་གྱི་བླང་བྱ་བཏོན་གནང་བ་དང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་བཀོད་སྒྲིག་གནང་བར་ཕེབས་པ་མ་ཟད། ཡོམ་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་གནང་བར་ཕེབས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཆེད་ལས་ཀྱི་རོགས་སྐྱོབ་མི་སྣ་བཀོད་སྒྲིག་དང་། རོགས་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན། རྨས་མ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས། གེགས་འགོག་དང་ཉེན་སེལ་དུས་ཐོག་ཏུ་སྒྲིག་འཛུགས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་འོས་འཚམ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མི་སྣ་ཤི་རྨས་ཉུང་དུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཕྲལ་སྡོམ་ཉེན་སེལ་དང་རོགས་སྐྱོབ་ཀྱི་མི་སྣ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་ཟོག་གྲ་སྒྲིག་ཡག་པོ་བྱེད་པ། གནོད་འཚེའི་གནས་ཚུལ་མཐིལ་རྟོགས་དང་མང་ཚོགས་ལ་སེམས་གསོ་གཏོང་བ། གེགས་ཁུལ་གྱི་མང་ཚོགས་བཀོད་སྒྲིག་དང་གཞི་རྩའི་འཚོ་བར་འགན་སྲུང་ནུས་ཤུགས་ཡོད་རྒུས་ཡག་པོ་བྱེད་པ། མི་ཧྲེང་རྒན་རྒོན་དང་། གཞིས་ལུས་བྱིས་པ། དཀའ་ངལ་ཡོད་པའི་མང་ཚོགས་བཅས་ལ་གཙོ་གནད་ཐོག་དོ་ཁུར་དང་དམིགས་བསལ་ལྟ་རྟོག་བཅས་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ལ་སྲིང་བལ་གྱོན་ཆས་གྱོན་རྒྱུ་ཡོད་པ་དང་། ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། བདེ་འཇགས་དང་དྲོ་སོབ་སོབ་ཀྱི་གནས་སྐབས་སྡོད་གནས་ཡོད་པ་བཅས་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱེད་པ་དང་། མི་སྣ་སྒྲིག་འཛུགས་ཀྱིས་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་བྱེད་པ། ཞོར་ཐོན་གནོད་འཚེ་ལས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་གསར་པ་མི་ཕོག་པ་བྱེད་པ། ཆུ་མཛོད་དང་། རི། གློག་ཁང་། ཆུ་ཡུར་སོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། ཁང་པ་དང་འགྲོ་ལམ་སོགས་ལ་གནོད་འཚེ་ཕོག་ཚུལ་དུས་ཐོག་ཏུ་མཐིལ་རྟོགས་བྱེད་པ། གཞི་གྲངས་སྔར་བས་ཁ་གསལ་བཟོ་བ། གནོད་འཚེ་ཕོག་པའི་མང་ཚོགས་དང་ཁང་པར་གཏོར་སྐྱོན་ཕོག་ཚུལ་བསྡོམས་རྩིས་གནད་སྨིན་བཅས་བྱས་ནས། གོམ་སྟབས་རྗེས་མའི་ཉེན་སེལ་རོགས་སྐྱོབ་དང་གེགས་རྗེས་བསྐྱར་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ས་ཡོམ་གྱི་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་ལ་རྗེས་སྙེག་ཞིབ་འཇུག་དང་བརྡར་གཅོད་བྱས་ཏེ། ས་ཡོམ་དང་འཕྲལ་སྡོམ་སོགས་སྡེ་ཚན་གྱིས་ས་ཡོམ་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ས་ཁུལ་ཁག་དང་། གྲོང་ཁྱེར་ཁག སྡེ་ཚན་ཁག་བཅས་ཀྱིས་འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་ས་ཡོམ་གྱི་གནས་ཚུལ་དང་། གནོད་འཚེའི་གནས་ཚུལ། ཡོམ་འགོག་གེགས་སེལ་གྱི་འཕེལ་རིམ་གནས་ཚུལ་བཅས་དུས་ཐོག་དང་གནད་ལ་འཁེལ་པོས་ཁྱབ་བསྒྲགས་བྱེད་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བཏབ་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་མི་སེམས་རྣལ་ལ་འབེབས་ཐུབ་པའི་འགན་ལེན་བྱེད་དགོས།
来 源:西藏日报藏文媒体
编 辑(初审):尼玛普赤
复 审:顿珠、巴洛
终 审:欧 珠
扫码关注微信、抖音