【抗震救灾•拉孜】ས་ཡོམ་རྗེས་ཀྱི་འཕྲོད་བསྟེན་འགོག་སྲུང་ཤེས་བྱ།

民生   2025-01-09 16:41   西藏  

欢迎提供新闻线索:lztvxwb@qq.com

གཅིག 


ས་ཡོམ་བྱུང་རྗེས་ཀྱི་བཟའ་བཏུང་འཕྲོད་བསྟེན་ཐད། 

ཟས་རིགས་བདེ་འཇགས་ལ་དོ་སྣང་བྱ་དགོས་པ་སྟེ།  

༡  ཁ་ལག་བཟོ་བྱེད་ཀྱི་ཆུ་དང་འཐུང་ཆུ་ཚང་མ་བདེ་འཇགས་དང་དྭངས་གཙང་གི་ཆུ་སྤྱད་དགོས།     

༢ ས་ཡོམ་གྱིས་རྐྱེན་པས་ཤི་རྨས་བྱུང་བ་དང་ནད་ཕོག་པའམ་ཡང་ན་རྒྱུ་རྐྱེན་གསལ་པོ་མེད་པར་ཤི་བའི་ཁྱིམ་བྱ་དང་ཕྱུགས་ཟོག་གི་ཤ་ཟ་མི་རུང་ཞིང་། དེ་མིན་སྤུས་ཚད་འགན་ལེན་དུས་ཚོད་ལས་བརྒལ་བ་དང་ངོ་བོ་འགྱུར་བའི་ཟས་རིགས་ཟ་མི་རུང་།   

༣ ཟས་རིགས་དང་བཏུང་བྱ་བླུགས་པའི་སྣོད་ཆས་ཀྱིས་ཟས་རིགས་ལ་སྦགས་བཙོག་ཐེབས་པར་སྔོན་འགོག་བྱེད་དགོས། ལྷག་པར་དུ་ཐུན་མོང་དུ་སྤྱོད་པའི་ཟ་སྣོད་འཐུང་ཆས་བེད་སྤྱོད་མ་བྱས་གོང་དང་བེད་སྤྱོད་བྱས་རྗེས་ཚང་མ་གཙང་མར་བཀྲུ་དགོས་པར་མ་ཟད། ཟས་རིགས་བཙོས་མ་དང་རྗེན་པ་བཏུབ་སའི་ཚལ་པང་དབྱེ་བ་འབྱེད་པར་དོ་སྣང་བྱ་དགོས།     

༤ ཞིང་སྨན་སོགས་དུག་ལྡན་དངོས་རྫས་དག་ཉར་ཚགས་ཡག་པོ་བྱས་ཏེ།  དུག་ལྡན་རྫས་འགྱུར་དངོས་རྫས(ཞིང་སྨན་དང་།  ཟེ་སྐྱུར་ཚྭ་ཕལ་པ། སིན་འགྱུར་རྫས། བྱི་བའི་སྨན་སོགས)ཀྱིས་བཟའ་བཅའ་ལ་སྦགས་བཙོག་བཟོ་བ་དང་དེ་བཞིན་སྤྱོད་ནོར་དང་ཟ་ནོར་ཤོར་བར་སྔོན་འགོག་བྱ་དགོས།     

༥ གང་སར་གཅིན་སྐྱག་མི་གཏོང་བ་དང་། ཟ་མ་མ་བཟས་གོང་དང་གསང་སྤྱོད་ལ་ཕྱིན་རྗེས་ངེས་པར་དུ་ལག་པ་བཀྲུ་དགོས།  སྤྱི་པའི་ཆུ་ཁུངས་སུ་གད་སྙིགས་གཡུགས་པ་དང་གཅིན་གཏོང་བ།   དེ་མིན་སྒོ་ཕྱུགས་གསོ་བ་བཅས་བྱེད་མི་རུང་།   

༦ ཟས་རིགས་བཟོ་སྐབས་ད་ལྟ་བཟོས་ཤིང་ད་ལྟ་ཟ་བ་དང་། ཟས་རིགས་ངེས་པར་དུ་བཙོ་དགོས་པ་མ་ཟད།  ཟས་ལྷག་རྣམས་མ་བཟས་གོང་ཚ་པོ་བཟོས་ནས་དུག་སེལ་བྱ་དགོས། 


གཉིས།


ས་ཡོམ་བྱུང་རྗེས་ཀྱི་ཁོར་ཡུག་འཕྲོད་བསྟེན།

གད་སྙིགས་དང་སྐྱག་གཅིན་ཐག་གཅོད་ཐད་དོ་སྣང་བྱ་དགོས་པ་སྟེ། 

༡ གད་སྙིགས་བསྡུ་རུབ་དང་ཐག་གཅོད་བྱེད་པར་གནོད་འཚེ་ཕོག་པའི་མང་ཚོགས་འདུ་འཛོམས་བྱ་ཡུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་གད་སྙིགས་བསྡུ་རུབ་ས་ཚིགས་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཏེ་ཆེད་མངགས་མི་སྣས་དུག་སེལ་དང་། གཙང་མ་འཕྱགས་པ། སྐྱེལ་འདྲེན་བཅས་ཀྱི་འགན་འཁུར་ནས་ཉིན་རེའི་གད་སྙིགས་ཉིན་དེར་གཙང་སེལ་ཐུབ་པ་བྱ་དགོས།      

༢ འགོས་ནད་ཕོག་པའི་ནད་པའམ་ཡང་ན་འགོས་ནད་ཕོག་པར་དོགས་པ་ཡོད་པའི་ནད་པས་བཟོས་པའི་གད་སྙིགས་ལ་དུག་སེལ་རྫས་གཏོར་ཏེ་ཐག་གཅོད་བྱ་དགོས་ལ། ཆ་རྐྱེན་ཡོད་ན་མེར་སྲེག་པའི་ཐབས་སྤྱད་ནས་ཐག་གཅོད་བྱ་དགོས། གད་སྙིགས་དང་བཙོག་ཆུ་བརྒྱུད་འདྲེན་གྱི་ཆ་རྐྱེན་མེད་པའི་སྐབས་སུ་གནས་སྐབས་སུ་གད་སྙིགས་ཀྱི་དོང་དང་བཙོག་ཆུའི་དོང་བསྐྲུན་ནས་ཐག་གཅོད་བྱས་ན་ཆོག  །དོང་འདི་འཚོ་བ་སྐྱེལ་ཁུལ་གྱི་རླུང་འོག་ཁ་ཕྱོགས་སུ་བསྐྲུན་དགོས་ལ་དུས་བཀག་ལྟར་དུག་སེལ་རྫས་གཏོར་དགོས། མང་ཚོགས་སྐུལ་སློང་བྱས་ནས་ས་ཡོམ་ཁུལ་གྱི་འཕྲོད་བསྟེན་སྤྱི་ཆིངས་བཟོས་ཤིང་རང་འགུལ་གྱིས་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་བྱ་དགོས།     

༣ འཕྲོད་བསྟེན་རིམས་འགོག་མི་སྣས་སྡོད་དམངས་ལ་འོས་འཚམ་གྱི་ས་གནས(འཚོ་བ་སྐྱེལ་ཁུལ་གྱི་རླུང་འོག་གི་ཁ་ཕྱོགས་སུ་གནས་པར་མ་ཟད་བར་ཐག་རིང་དྲགས་རྒྱུ་མེད་པ། ཆུ་ཁུངས་དང་ཉུང་མཐར་ཡང་སྨི་༣༠ཡི་བར་ཐག་ཡོད་དགོས)བདམ་སྟེ་སྟབས་བདེའི་རྒྱུ་ཆ་སྤྱད་ནས། གནས་སྐབས་ཀྱི་གསང་སྤྱོད་བསྐྲུན་དགོས་པའི་མཛུབ་སྟོན་བྱ་དགོས། གནས་སྐབས་གསང་སྤྱོད་ལ་སྐྱག་གཅིན་མི་འཛག་པ་དང་བཤང་རིགས་ཕྱིར་མི་འཕྱུར་བར་བྱ་དགོས། 


གསུམ།



 ས་ཡོམ་བྱུང་རྗེས་རྒྱུན་མཐོང་གི་མྱུར་གཤིས་འགོས་ནད་སྔོན་འགོག་བྱ་དགོས།   

གནོད་འཚེ་ཕོག་རྗེས་རྒྱུན་མཐོང་གི་མྱུར་གཤིས་འགོས་ནད་ཀྱི་རིགས། རྒྱུ་མའི་འགོས་ནད་དང་། མི་དང་ཕྱུགས་རིགས་ཐུན་མོང་གི་ནད། རང་བྱུང་རིམས་ནད་འབྱུང་ཁུངས་རང་བཞིན་གྱི་ནད། དབུགས་ལམ་གྱི་འགོས་ནད་སོགས་ཕོག་པའི་ཉེན་ཁ་ཡོད།    

རྒྱུ་མའི་འགོས་ནད་སྔོན་འགོག་བྱེད་ཐབས་སུ།  

རྒྱུ་མའི་འགོས་ནད་ཅེས་པ་ནི་ནད་སྐྱེད་འབུ་ཕྲ་སྣ་ཚོགས་ཁ་ནས་བརྒྱུད་དེ་རྒྱུ་མའི་ནང་དུ་བཙན་འཛུལ་བྱེད་པ་དང་། བཤང་རིགས་ཀྱིས་ནད་སྐྱེད་འབུ་ཕྲ་ཕྱིར་འབུད་བྱེད་པའི་ནད་རིགས་ཤིག་ལ་ཟེར་གྱི་ཡོད། རྒྱུན་དུ་མཐོང་བའི་མཆིན་ཚད་ཀ་པ་དང་། ཕྲ་སྲིན་རང་བཞིན་གྱི་གཅོང་ནད་། རྨ་ནད། སྐྱུག་བཤལ་རིམས་ནད། ལག་རྐང་ཁ་ནད་སོགས་ཡོད། མངོན་ཚུལ་གཙོ་བོ་ནི་བཤལ་བ་དང་སྐྱུག་པ་ཡིན། འགོས་ནད་ཀྱི་འབྱུང་ཁུངས་གཙོ་བོ་ནི་མི་དང་འབུ་ཕྲ་ཁྱེར་མཁན་ཡིན་ཞིང་། འབུ་ཕྲ་དང་ནད་དུག་དེ་བཤང་ནས་ཕྱིར་གཏོང་བྱས་རྗེས་ཆུ་ཁུངས་དང་ས་རྒྱུ། ཟས་རིགས་སོགས་ལ་སྦགས་བཙོག་བཟོ་ཡི་ཡོད་སྟབས། སྔོན་འགོག་བྱེད་ཐབས་ཧུར་ཐག་སྤྱད་དེ། ངེས་པར་དུ་གཤམ་གསལ་གྱི་འགག་སྒོ་ཁག་དམ་འཛིན་བྱ་དགོས་པ་སྟེ།     

༡ འཐུང་ཆུའི་འཕྲོད་བསྟེན་འགག་སྒོའི་ཐད།      

ས་ཡོམ་བརྒྱབ་རྗེས་ཆུ་ཁུངས་ཚང་མར་སྦགས་བཙོག་ཐེབས་སྲིད་པས། གདམ་ག་བྱས་པའི་ཚད་ལྡན་གྱི་ཆུ་ཁུངས་ལ་སྲུང་སྐྱོབ་བྱ་དགོས།     བརྙོགས་ནས་འཕྲོད་བསྟེན་གྱི་ཚད་གཞི་དང་མི་མཐུན་པའི་ཆུ་ལ་དྭངས་གསལ་དང་། འཚག་པ། དུག་སེལ།  བཀོལ་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཐག་གཅོད་བྱས་རྗེས་གཞི་ནས་བེད་སྤྱོད་བྱ་དགོས།      

༢ ཟས་རིགས་འཕྲོད་བསྟེན་འགག་སྒོའི་ཐད།    

ཁ་ལག་མ་ཟས་གོང་དང་གསང་སྤྱོད་ལ་ཕྱིན་རྗེས་ལག་པ་བཀྲུ་དགོས། རུལ་བ་དང་རླངས་འགྱུར་ཟས་རིགས་མི་ཟ་བ་དང་།    ཤི་རྐྱེན་གསལ་པོ་མི་ཤེས་པའི་སྒོ་ཕྱུགས་ཀྱི་ཤ་ཟ་མི་རུང་། དུག་སེལ་བྱས་མེད་པའི་ཆུས་ཁ་བཀྲུ་བའམ་ཤིང་ཏོག་དང་སྔོ་ཚལ་སོགས་བཀྲུ་མི་རུང་།    

རྗེན་པ་ཟ་བྱེད་ཀྱི་ཤིང་ཏོག་དང་སྔོ་ཚལ་གྱི་ལྤགས་པ་བཤུ་དགོས། ཡག་ཤོས་བྱུང་ན་ཞག་ལུས་པའི་ཚལ་དང་གྲང་ཚལ་ཟ་མི་རུང་།  ཟས་རིགས་ལ་དྲི་མ་མི་འདྲ་བ་བྱུང་རྗེས་གཏན་ནས་ཟ་མི་རུང་། ཟས་རིགས་བཙོས་པ་དང་རྗེན་པ་གཉིས་སོ་སོར་ཉར་ཚགས་བྱ་དགོས་པ་དང་། ཟས་རིགས་བཙོས་ནས་ཚོས་པོ་བྱུང་རྗེས་གཞི་ནས་བཟའ་དགོས། ཕོར་པ་དང་ཐུར་མ་ཆུ་འཁོལ་ནང་བཙོ་བའམ་ཡང་ན་དུག་སེལ་བྱ་དགོས་པར་མ་ཟད། དེ་མིན་གྲི་དང་། རྡོ་སྟེགས། ཕྱིས་རས་བཅས་ལ་ཡང་དུག་སེལ་ནན་པོ་བྱ་དགོས།     

༣ མི་སྒེར་གྱི་འཕྲོད་བསྟེན་འགག་སྒོའི་ཐད།  

མི་སྒེར་གྱི་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་དགོས་ཤིང་། ཁ་ལག་མ་བཟས་གོང་དང་གསང་སྤྱོད་ལ་ཕྱིན་རྗེས་ལག་པ་བཀྲུ་དགོས་པ་དང་། གཙང་མ་མིན་པའི་ཟས་རིགས་ཟ་མི་ཉན། འཕྲོད་བསྟེན་ཆ་རྐྱེན་ཞན་པའི་ས་ནས་ཟས་རིགས་ཟ་དང་ཉོ་བ་སོགས་མི་རུང་།     

༤ཁོར་ཡུག་འཕྲོད་བསྟེན་གྱི་འགག་སྒོའི་ཐད། 

གང་སར་བཙོག་གཅིན་མི་གཏོང་བ་དང་ཆུ་ཁུངས་ལ་སྲུང་སྐྱོབ་ཡག་པོ་བྱ་དགོས་ལ། དུས་ཐོག་ཏུ་གད་སྙིགས་དང་བཙོག་དངོས་གཙང་སེལ་བྱེད་པ་དང་། ཁོར་ཡུག་དུག་སེལ་བྱེད་པ། སྐྱག་གཅིན་དང་གད་སྙིགས་གཙང་སེལ་ཡག་པོ་བྱས་ནས་འཚོ་བའི་ཁོར་ཡུག་གི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས།     

མི་དང་ཕྱུགས་རིགས་ཐུན་མོང་དུ་ནད་ཕོག་པ་དང་རང་བྱུང་རིམས་ནད་འབྱུང་ཁུངས་རང་བཞིན་གྱི་ནད་རིགས་སྔོན་འགོག་བྱེད་དགོས་པ་སྟེ། 

ས་ཡོམ་བརྒྱབ་རྗེས་མི་དང་ཕྱུགས་ལ་མཉམ་དུ་ནད་ཕོག་པ་དང་རང་བྱུང་རིམས་ནད་འབྱུང་ཁུངས་རང་བཞིན་གྱི་ནད་རིགས་འབྱུང་བར་སྔོན་འགོག་དང་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་རྒྱག་དགོས། གལ་ཏེ་རིམས་ནད་བྱུང་ཚེ་ངེས་པར་དུ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ནས་ཐོག་མའི་རིམས་ནད་ཐག་གཅོད་ནུས་ལྡན་ཡོང་བ་བྱ་དགོས།     

༡ མི་དང་ཕྱུགས་རིགས་ཐུན་མོང་གི་ནད་ཀྱི་ཁོངས་སུ་རྒྱུན་མཐོང་གི་བྱི་བའི་ནད་དང་པུ་ལུའུ་ཧྲི་སྲིན་ནད། ལྷོག་པའི་ཕྲ་སྲིན་སོགས་རང་བྱུང་རིམས་ནད་འབྱུང་ཁུངས་རང་བཞིན་གྱི་ནད་རིགས་ཡོད་ལ། དབུགས་ལམ་དང་འཇུ་ལམ་སོགས་བརྒྱུད་ནས་མིའི་རིགས་ལ་ཁྱབ་སྲིད།  

༢ ཁྱིམ་བྱའི་སྒོ་ཕྱུགས་ལ་དོ་དམ་ཡག་པོ་བྱ་དགོས་པ་དང་། ཁྱིམ་བྱ་དང་སྒོ་ཕྱུགས་སྒོ་རའི་ནང་གསོས་ཏེ་སྐྱགས་གཅིན་གྱིས་ཁོར་ཡུག་དང་ཆུ་ཁུངས་ལ་སྦགས་བཙོག་ཐེབས་པར་སྔོན་འགོག་བྱ་དགོས།  ཁྱིམ་བྱ་དང་ཕྱུགས་ཤི་བ་དག་དུག་སེལ་བྱས་རྗེས་ས་གཏིང་རིང་པོ་དྲུས་ནས་སྦ་དགོས།     

༣ བཤང་རིགས་དང་གསང་སྤྱོད་ལ་དོ་དམ་ཡག་པོ་བྱེད་དགོས་པ་དང་། གང་སར་བཙོག་གཅིན་གཏོང་མི་ཆོག་པ་དང་། ནད་པའི་བཙོག་གཅིན་དག་རྡོ་ཐལ་དང་དཀར་བཟོ་ཕྱེ་མ་ཡིས་དུག་སེལ་བྱས་རྗེས་གཅིག་བསྡུས་ཀྱིས་ཐག་གཅོད་བྱ་དགོས། 


འབྲེལ་འདྲིས་དང་ས་རྒྱུ་བརྒྱུད་ནས་འགོས་པའི་ནད་རིགས་སྔོན་འགོག་བྱེད་པ་སྟེ།  

ས་ཡོམ་བརྒྱབ་པའི་སྐབས་སུ་མི་སྣར་ཕྱི་རྨས་ཕོག་སྐབས། རྨས་སྐྱོན་བྱུང་བའི་རྨ་ཁ་དང་ས་རྒྱུ་ཐད་ཀར་ཐུག་ན་ས་རྒྱུ་བརྒྱུད་ནས་ནད་རིགས་ཁྱབ་པ་འབྱུང་སྲིད། རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་སྐྱི་པགས་ལ་རྨས་སྐྱོན་བྱུང་བའི་མི་སྣར་ངེས་པར་དུ་དུས་ཐོག་ཏུ་རྨ་ཁ་གཙང་སེལ་བྱས་ནས་ཚེམ་སྦྱོར་བྱས་ཏེ། ནུས་ལྡན་གྱིས་གཉན་ཚད་འགོག་པའི་ནད་པ་སྨན་བཅོས་བྱེད་པའམ་ཡང་ན་རིམས་འགོག་སྨན་ཁབ་རྒྱག་པ་དང་།    ཚབས་ཆེ་བའི་ནད་པ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱ་དགོས། 


དབུགས་ལམ་གྱི་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་དགོས་པ་སྟེ།  

ས་ཡོམ་བྱུང་རྗེས། ཉེན་གཡོལ་བྱེད་སྐབས་མི་ཚོགས་འདུ་འཛོམས་དང་འབྲེལ་འདྲིས་བྱེད་སླ་བས། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ།    ཆམ་རིམས་སོགས་དབུགས་ལམ་གྱི་འགོས་ནད་ཁྱབ་པར་སྔོན་འགོག་བྱེད་དགོས།     

༡ མི་སྒེར་གྱི་འཕྲོད་བསྟེན་དང་འཚོ་བའི་གོམས་གཤིས་བཟང་པོ་ཆགས་པར་བྱ་དགོས། ས་ཡོམ་བརྒྱབ་རྗེས། འདུ་འཛོམས་ཉུང་ཙམ་བྱས་ཏེ།    མི་མང་ཞིང་རླུང་འཁོར་རྒྱུག་དཀའ་བའི་གནས་ལས་གཡོལ་གང་ཐུབ་བྱ་དགོས། མི་འདུས་པའི་གནས་སུ་འཛུལ་སྐབས་ཐོག་མཐའ་བར་གསུམ་དུ་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས་བརྒྱབ་དགོས་པར་མ་ཟད་དུས་ཐོག་ཏུ་བརྗེ་དགོས།     

༢ གློ་ལུ་དང་། ཧབ་སྦྲིད་རྒྱག་པ། ཁ་རས་མ་བརྒྱབ་གོང་། ཁ་ལག་མ་བཟས་གོང་། གསང་སྤྱོད་ལ་ཕྱིན་རྗེས་དང་།   དེ་བཞིན་ཕྱི་ལ་ཕྱིན་ནས་ནང་ལ་ལོག་སྐབས་ངེས་པར་དུ་ལག་པ་གཙང་མ་བཀྲུ་བའམ་ཡང་ན་དུག་སེལ་གཤེར་ཁུ་སྤྱད་ནས་ལག་པར་གཙང་སེལ་བྱ་དགོས།      

༣ “ལྟོ་ཆས་ལོགས་བཀར་ཟ་སྲོལ”དར་སྤེལ་གཏོང་བ་དང་སྤྱི་པའི་ཟ་ཐུར་སྤྱོད་དགོས།  ལུགས་མཐུན་གྱིས་ལྟོ་ཆས་ཟ་བའི་གོམས་གཤིས་ཆགས་ན།  འགོས་ནད་ཕན་ཚུན་འགོས་ཁྱབ་བྱེད་པར་སྔོན་འགོག་ཐུབ་པ་དང་། འབྲེལ་ཡོད་འགོས་ནད་འབྱུང་བའི་ཉེན་ཁ་ནུས་ལྡན་ངང་ཇེ་ཆུང་དུ་བཏང་ཐུབ།     

༤ ས་ཡོམ་བརྒྱབ་རྗེས་གཉིད་འདང་ངེས་ཡོང་བ་དང་། སེམས་ཁམས་བདེ་ཐང་། བཟའ་བཏུང་དང་འཚོ་བཅུད་དོ་མཉམ་ཡོང་བར་རྒྱུན་འཁྱོངས་བྱེད་ཅིང་། ཐ་མག་འཐེན་པ་དང་ཆང་འཐུང་བར་ཚད་བཀག་བྱ་དགོས།     

༥ སྤྱི་དམངས་ཀྱིས་གཞུང་ཕྱོགས་སྨྱན་སྦྱོར་དང་སྤྱི་དམངས་འཕྲིན་སྟེགས། དེ་བཞིན་བརྙན་འཕྲིན་གསར་འགྱུར་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲེལ་ཡོད་ཆ་འཕྲིན་བསྡུ་ལེན་བྱས་ཏེ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་ཁྱབ་པ་བྱས་ནས། དཀྲོག་གཏམ་ཁྱབ་པ་དང་། སྤྱི་ཚོགས་འཇིགས་སྣང་ཆེ་རུ་འགྲོ་བ། དེ་བཞིན་སྤྱི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནས་ཚུལ་བཅས་མི་ཡོང་བ་བྱ་དགོས།    



བཞི།


 ས་ཡོམ་བརྒྱབ་རྗེས་སེམས་ཁམས་རྨས་སྐྱོན་ཉམས་གསོའི་ཐད།  

ས་ཡོམ་བྱུང་རྗེས་མི་མང་པོ་ཞིག་གི་གཉེན་ཉེ་ཤི་རྨས་དང་། རང་ཉིད་ཀྱི་གཟུགས་པོར་གནོད་འཚེ་ཕོག་པ། རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པ་སོགས་ཀྱི་གནས་ཚུལ་འཕྲད་ནས།  སེམས་ལ་ཕོག་ཐུག་ཆེན་པོ་བཟོ་ཡི་ཡོད་པར་བརྟེན།  ས་ཡོམ་བརྒྱབ་རྗེས་རྒྱུན་ལྡན་མིན་པའི་སེམས་ཁམས་ཀྱི་འགྱུར་བ་འབྱུང་བ་ནི་གཡོལ་ཐབས་མེད་པ་ཞིག་ཡིན། དོ་བདག་ཡིན་པའི་ངོས་ནས་ཐོག་མར་བློ་རྒྱ་ཆེན་པོས་འཚོ་བར་གདོང་གཏད་གང་ཐུབ་བྱ་དགོས་པ་དང་།  དོ་བདག་གི་གཉེན་ཉེ་དང་གྲོགས་པོ་ཚོས་ཀྱང་ཐབས་ཤེས་ཅི་རིགས་སྤྱད་ནས་དོ་བདག་ལ་རོགས་རམ་བྱས་ཏེ། ས་ཡོམ་གྱི་གནོད་འཚེ་ལས་བྱུང་བའི་སེམས་ཀྱི་རྨ་ཁ་གསོ་དགོས། 

༡ རང་སོ་སོའི་མྱོང་ཚོར་སྦས་མི་རུང་བ་སྟེ།  གཉེན་ཉེ་དང་གྲོགས་པོ་རྣམས་ལ་རང་ཉིད་ཀྱི་སྡུག་བསྔལ་དང་སེམས་ཁྲལ་དག་བཤད་ནས་སྐྱོ་སྣང་དང་སྡུག་བསྔལ་སེལ་གང་ཐུབ་བྱ་དགོས།     

༢ གཉིད་ཉལ་བ་དང་ངལ་གསོའི་དུས་ཚོད་འདང་ངེས་ཤིག་འགན་ལེན་ཡོང་བ་བྱ་དགོས། འདིས་རྒྱུན་ལྡན་གྱི་ལུས་སེམས་ཀྱི་གནས་སྟངས་སླར་གསོ་བྱེད་པར་ཕན་པ་ལྡན་ཡོད།     

༣ གང་ཐུབ་ཀྱིས་ཁེར་རྐྱང་དུ་མི་སྡོ་པར་གཉེན་ཉེ་དང་གྲོགས་པོ་དང་མཉམ་དུ་བསྡད་དགོས། དཀའ་ངལ་འཕྲད་སྐབས་གཞན་གྱི་རོགས་རམ་དང་ལེན་བྱེད་ཤེས་དགོས་པར་མ་ཟད། རང་འགུལ་ངང་གཉེན་ཉེ་དང་གྲོགས་པོ། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ལ་རོགས་རམ་གནང་རོགས་ཞུ་དགོས།     

༤ ཐབས་ཤེས་ཁ་ཤས་སྤྱད་ནས་སྡུག་བསྔལ་སེལ་ཆོག་པ་སྟེ་དཔེར་ན། རོལ་དབྱངས་ལ་ཉན་ནས་ལག་ཤེས་ཀྱི་ལས་ཀ་བྱེད་པ་སོགས་བྱས་ཏེ།    རིམ་བཞིན་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བའི་རྣམ་པ་སླར་གསོ་བྱས་ནས། རང་ཉིད་ཀྱི་རྒྱུན་ལྡན་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས།     

༥ ཕྱི་ལ་ལས་ཀ་བྱེད་པར་བསྐྱོད་པ།  ལྷག་པར་དུ་རླངས་འཁོར་གཏོང་སྐབས་ཡིད་གཟབ་བྱ་དགོས། རྒྱུ་མཚན་ནི་སེམས་ཁམས་ཀྱི་གནོན་ཤུགས་ཆེན་པོའི་འོག་བསམ་ཡུལ་ལས་འདས་པའི་རྨས་སྐྱོན(དཔེར་ན་རླངས་ཀྱི་འཁོར་དོན་རྐྱེན)དེ་བས་འབྱུང་སླ་བ་ཡིན།     

༦ གལ་ཏེ་སེམས་ཁམས་ཀྱི་འགྱུར་བ་དྲག་པོ་བྱུང་བར་མ་ཟད། དུས་ཡུན་རིང་པོར་ཞི་ལྷོད་དུ་བཏང་མ་ཐུབ་ན། ཆེད་ལས་ཀྱི་སེམས་ཁམས་སྨན་པར་རོགས་རམ་གནང་རོགས་ཞུས་ཏེ་སེམས་ཁམས་ཀྱི་སྨན་བཅོས་བྱ་དགོས།         

来源:西藏疾控

编 辑:巴 洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章